༄༅།། བོད་རྒྱ་ས་མིང་ལོ་ཙྭའི་རྩ་དོན་སྐོར་ཅུང་ཟད་གླེང་བ།

ཚེ་འཛིན་སྒྲོལ་དཀར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-10


༡ བདག་པོའི་རྗེས་འབྲངས་ཀྱི་རྩ་དོན།
        བདག་པོའི་རྗེས་འབྲངས་ཀྱི་རྩ་དོན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ས་མིང་ཚད་ལྡན་དུ་བསྒྱུར་དགོས་པའི་གྲོས་ཚོགས་ཐོག་གཏན་འཁེལ་བྱས་པའི་རྩ་དོན་གལ་ཆེན་ཞིག་ཡིན། རྒྱལ་ཁབ་སོ་སོས་ས་མིང་ལོ་ཙཱ་བྱེད་དུས་ངེས་པར་རྩ་དོན་དེར་བརྟེན་དགོས་པའི་རེ་བ་བཏོན་ཡོད། བདག་པོའི་རྗེས་འབྲངས་ཞེས་པ་ནི་ས་མིང་སྒྲ་སྒྱུར་བྱེད་པའི་སྐབས་སུ་འགྱུར་གྱི་སྒྲ་གདངས་དེ་མ་ཡིག་གི་སྒྲ་གདངས་དང་ངེས་པར་བསྟུན་ཅི་ཐུབ་བྱས་ནས་ལོ་ཙཱ་བྱེད་དགོས་པ་ཞིག་ཡིན། ས་མིང་ལོ་ཙཱ་བྱེད་སྐབས་མིང་དེ་ཉིད་བདག་པོའི་མ་ཡིག་སྒྲ་གདངས་དང་བསྟུན་ནས་རང་ནུས་ཅི་ལྕོགས་ཀྱིས་མིང་བདག་པོའི་རྗེས་འབྲངས་ཀྱི་རྩ་དོན་དེ་བརྩི་སྲུང་བྱེད་དགོས། ང་ཚོས་རྒྱུན་དུ་སྤྱོད་པའི་གསར་འགྱུར་དང་ཚགས་པར་ལ་སོགས་པའི་བརྡ་འཕྲིན་ལོ་ཙཱ་བྱེད་དུས། ཕྱི་གླིང་གི་ས་མིང་རྣམས་བོད་རང་ཉིད་ཀྱི་སྐད་ལ་བསྒྱུར་དུས་རྒྱ་ཡིག་གི་འགྱུར་མར་གཞི་བཟུང་ནས་སྒྱུར་ན་ས་མིང་དེའི་ཁྱད་ཆོས་ཤོར་འགྲོ་བ་རེད། དེ་བས་ས་གནས་སོ་སོའི་སྒྲ་གདངས་ལ་བསྟུན་ནས་ལོ་ཙཱ་བྱེད་དགོས་པ་ཡིན། དཔེར་ན།美国དང་法国ཞེས་པའི་མིང་འདི་རྒྱ་ཡིག་གི་སྒྲ་ལྟར་ཐད་ཀར་སྒྱུར་ན་མེ་གོ ཧྥ་གོ་ཟེར་བ་འདི་ལྟ་བུ་ཐད་ཀར་རྒྱའི་འགྱུར་མར་བསྟུན་ནས་ལོ་ཙཱ་བྱེད་རྒྱུ་ནི་མི་འོས་པར་འདུག དབྱིན་ཡིག་ནང美国ལ་Americaཟེར་བ་དང་། ཧྥ་རན་སུ་སྐད་ནང་法国ལ་Republique francaiseཟེར་བས། བོད་སྐད་ནང་སྒྱུར་དུས་མ་ཡིག་གི་སྒྲ་གདངས་ལྟར་ཨ་མེ་རི་ཁ་དང་ཧྥ་རན་སི་ཞེས་སྒྱུར་ན་དོན་དང་མཐུན་པ་ཡིན། བདག་པོ་རྗེས་འབྲངས་ཀྱི་རྩ་དོན་དང་བསྟུན་ནས་སྒྱུར་ན་སྔར་བཤད་པ་ལྟ་བུའི་འགྱུར་སྐྱོན་དེ་རྣམས་འབྱུང་མི་སྲིད། རྩ་དོན་འདི་རྒྱུན་འཁྱོངས་བྱས་ནས་འགྱུར་ཡིག་གི་སྒྲ་གདངས་དེ་མ་ཡིག་སྒྲ་གདངས་དང་མཐུན་ཞིང་འབྲུ་གཅིག་ཏུ་གཏན་འཁེལ་བྱས་ནས་ལོ་ཙཱ་བྱེད་ཅི་ཐུབ་བྱ་དགོས།
༢ གཏན་ཕབ་རང་འགྲིག་གི་རྩ་དོན།
        གཏན་ཕབ་རང་འགྲིག་ཅེས་པ་ནི་བསྒྱུར་བའི་ས་མིང་སྤྱོད་ཡུན་རིང་ཞིང་བེད་སྤྱོད་བྱེད་མཁན་ཡང་མང་པོ་ཡོད་ཀྱང་། ལ་ལས་སྒྱུར་ལུགས་ཐོག་ནོར་འཁྲུལ་བྱུང་ཡོད་པ་མ་ཟད་སྔར་བཤད་པའི་བདག་པོའི་རྗེས་འབྲངས་ཀྱི་རྩ་དོན་ལའང་འགལ་ཡོད། རྩོམ་པ་པོ་གྲགས་ཅན་ཀྲུའུ་ཅི་ཝུན་དང་ཧྥུ་ཐུང་ཧོ་གཉིས་ཀྱིས་མིའི་མིང་དང་ས་མིང་སོགས་སྒྲ་སྒྱུར་བྱེད་སྐབས་གཏན་ཕབ་རང་འགྲིག་གི་རྩ་དོན་དང་བདག་པོའི་རྗེས་འབྲངས་ཀྱི་རྩ་དོན་གཉིས་རྒྱུན་འཁྱོངས་བྱེད་དགོས་པར་བསྟན་ཡོད། ཡིན་ནའང་སྒྱུར་མིང་དེ་བེད་སྤྱོད་ཡུན་རིང་བྱེད་པ་དང་ལོ་རྒྱུས་ཀྱི་དེབ་ཐེར་ནང་དུ་བཀོལ་པས་མུ་མཐུད་དུ་སྤྱོད་དགོས་པ་ལས་གསར་པར་བརྗེ་མི་རུང་། གལ་སྲིད་ས་མིང་ལོ་ཙཱ་བྱེད་དུས་གཏན་ཕབ་རང་འགྲིག་གི་རྩ་དོན་དེ་དག་ལ་མ་བསྟུན་ན་མི་རེའི་འགྱུར་རེ་བྱུང་ན་རྙོག་གྲ་མང་པོ་བཟོ་ངེས། དཔེར་ན། ད་ལྟའི་དཀར་མཛེས་ཁུལ་རོང་བྲག་རྫོང་ལ་རྒྱ་ཡིག་ཐོག་丹 巴བསྒྱུར་ཡོད་པ་དང་བྲག་མགོ་རྫོང་ལ་炉霍ཞེས་བསྒྱུར་ཡོད་པ་དེ་གཉིས་དང་། གཞན་ཡང་དེ་དང་དེ་ལྟ་བུ་རྣམས་གོང་དུ་བཤད་པའི་བདག་པོའི་རྗེས་འབྲངས་ཀྱི་རྩ་དོན་དང་འགལ་ཡོད་ལ། སྒྱུར་མཁན་རྣམས་ཀྱིས་བདག་པོའི་སྒྲ་གདངས་ལ་བསྟུན་མེད་དེ། རོང་བྲག་ཟེར་བ་རྗེས་སྒྲུབ་ཀྱི་མིང་ནས་བྱུང་བ་རོང་མིའི་བྲག་མགོ་ཟེར་བའི་མིང་དེ་བསྡུས་ཏེ་ས་བབ་དམའ་ཞིང་གུ་དོག་པོའི་ཡུལ་ལུང་ཡིན་པས་རོང་དང་། བྲག་རིའི་བར་དང་བྲག་གི་སྟེང་ལ་ཆགས་ཡོད་པས་རོང་བྲག་ཞེས་བརྗོད་དོ། །དེ་རྒྱ་སྐད་ནང་丹巴ཟེར་བ་ནི། རོང་བྲག་གི་ས་མིང་ལ་བརྟེན་ནས་བསྒྱུར་བ་ཞིག་རེད་མི་འདུག སྔར་རོང་བྲག་ཡུལ་ལ་丹东格什扎དང་巴底 巴旺 ཟེར་བའི་ས་བདག་ཆེན་པོ་གསུམ་ཡོད་པ་དེའི་ཁྱིམ་མིང་ལ་བརྟེན་ནས་བསྒྱུར་ཏེ།丹巴ཟེར་བའི་མིང་ནི་དེ་དུས་བྱུང་བ་ཞིག་ཡིན། མི་དེ་གསུམ་པོའི་རང་གི་རུས་མིང་ལས་བསྡུས་ནས་ཐོགས་པའི་ས་མིང་ཆགས་པ་ཞིག་ཡིན་ནོ། །ཡང་བྲག་མགོ་ཟེར་དོན་ནི་བཅིངས་འགྲོལ་མ་བཏང་གོང་དུ་ཡུལ་འདིའི་རྫོང་ནི་བྲག་ཞིག་གི་སྟེང་དུ་ཆགས་ཡོད་པས་བྲག་མགོ་ཞེས་མིང་ཐོགས་ཡོད་ཀྱང་། རྒྱ་སྐད་ཐོག炉霍ཞེས་བསྒྱུར་ཡོད།炉ཞེས་པའི་དོན་ནི། དར་རྩེ་མདོ་ལ་(打箭炉)དང་། ཧོར་བྲག་མགོ་གཉིས་ནི་རྒྱ་ནག་ནས་བོད་ཁུལ་དུ་ཡོང་སའི་འགྲུལ་ལམ་གཙོ་ཆེན་ཞིག་ཡིན་པའི་炉དེ་དང་། ཡུལ་དེའི་ས་བདག་ནི་ཧོར་ཡིན་ཏེ་སྒྲ་ཐད་སྒྱུར་བྱས་ནས་霍ཟེར་བས། དེ་ནས་རྒྱ་སྐད་ནང་བྲག་མགོ་ལ་炉霍ཞེས་བསྒྱུར་བ་ནི། བོད་སྐད་ནང་ཧོར་བྲག་མགོ་ཟེར་སྲོལ་ཡོད་ཀྱང་། བདག་པོའི་རྗེས་འབྲངས་ཀྱི་རྩ་དོན་དང་བསྟུན་ན炉ཞེས་པ་དེ་བྱུང་དོན་མེད་མོད། རེད་དེ་ལོ་ཙཱ་བ་རྣམས་ཀྱིས་ལོ་ཙཱའི་རྩ་དོན་ལ་འགལ་ནས་བསྒྱུར་བའི་ས་མིང་དེ་རྣམས་འགྲིག་པོ་མེད་ནའང་། བེད་སྤྱོད་གང་མང་བྱས་ཡོད་པ་མ་ཟད་སྤྱོད་ཡུན་ཡང་རིང་བ། ལོ་རྒྱུས་དེབ་ཐེར་སོགས་དང་གཞུང་ཡིག་རྣམས་སུ་གཏན་འཁེལ་བྱས་ཡོད་པས།ད་ལྟའི་དུས་སུ་དེ་དང་དེ་འདྲ་བའི་ས་མིང་རྣམས་ལ་འགྱུར་བཅོས་གཏོང་དགོས་ན་རྙོག་འཛིང་ཆེན་པོ་དང་དཀའ་ལས་ཁག་པོ་ཡིན་པས། དེ་ནས་ང་ཚོས་ས་མིང་ལོ་ཙཱའི་གཏན་ཕབ་རང་འགྲིག་གི་རྩ་དོན་ལ་བརྩི་སྲུང་བྱས་ནས་ས་མིང་དེ་ཚོ་སྔོན་མ་ནང་བཞིན་བསྒྱུར་ནས་བཞག་ན་ལོ་རྒྱུས་དང་མཐུན་པོ་ཡོད།
༣ གཅིག་གྱུར་གྱི་ཚད་དང་མཐུན་པའི་རྩ་དོན།
        ས་མིང་ནི་ལོ་རྒྱུས་རྒྱས་བསྡུས་དང་ཆོས་འབྱུང་རྣམ་ཐར་སོགས་གང་ལ་མཚོན་ན་ཡང་ཧ་ཅང་གལ་ཆེ་བ་ཞིག་ཡིན། ས་མིང་ལ་བརྟེན་ནས་ལོ་རྒྱུས་ཀྱི་དཀའ་གནད་རྣམས་བཀྲོལ་ཐུབ་པ་དང་། ས་མིང་ལ་བརྟེན་ནས་རྒྱལ་ཁབ་བམ་མི་རིགས་ཀྱི་རིག་གནས་ལའང་རྒྱུས་མངའ་ངེས་ཅན་བྱ་ཐུབ། དེར་བརྟེན་ས་མིང་གང་ཞིག་མི་རིགས་གཞན་པའི་སྐད་ཡིག་ཏུ་ཕབ་སྒྱུར་བྱེད་སྐབས་ཕྱོགས་ཐམས་ཅད་ནས་བསམ་གཞིགས་དང་དོ་སྣང་བྱེད་དགོས་པ་ཞིག་ཡིན། ལོ་ཙཱ་བ་ཚོས་སྔར་མེད་གསར་སྤྲོས་དང་རང་སྣང་གང་ཤར་གྱིས་བསྒྱུར་ན་འགྲིག་པོ་མི་འདུག སྒྱུར་མཁན་རྣམས་ཀྱིས་ཡིན་གཅིག་མིན་གཅིག་སྒྱུར་མིང་དང་མིང་ཚིག་བེད་སྤྱོད་ཐད་གཅིག་གྱུར་ཡོང་བར་གལ་ཆེ་ལ། ལོ་ཙཱ་སྐབས་སུ་མདོ་དབུས་ཁམས་གསུམ་གྱིས་གོ་ནུས་པའི་ཡིག་སྐད་དང་བརྡ་དག་གསལ་པོའི་ལམ་དུ་ཕབ་དགོས་པ་ལས་ཡུལ་སྐད་དང་ལུང་སྐད་དུ་ལོ་ཙཱ་མི་བྱ་བའི་རྩ་དོན་དེ་བསྲུང་དགོས། རྩ་དོན་འཛིན་པའི་རྨང་གཞིའི་ཐོག་ནས་ད་གཟོད་ཐབས་ལམ་འོས་ཤིང་འཚམ་པ་ཞིག་སྤྱད་ནས་མ་ཡིག་གི་ཁྱད་ཆོས་འཇོག་ཅི་ཐུབ་ཀྱིས་ལོ་ཙཱ་བྱེད་དགོས།
༤ རྒྱས་བསྡུས་རན་པའི་རྩ་དོན།
        ས་མིང་ལོ་ཙཱ་བྱེད་སྐབས་བོད་ཀྱི་སྐད་ཡིག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྣམས་བཏུས་ཏེ། རྒྱས་བསྡུས་འཚམ་པའི་རང་བཞིན་སྒོ་ནས་ལོ་ཙཱ་བྱེད་དགོས། རྒྱུ་མཚན་ནི་ས་མིང་རིང་དྲགས་ན་སྤྱོད་མི་བདེ་བ་དང་། མ་ཡིག་ལས་བསྡུས་ཆེ་ན་གོ་དཀའ་བས་ངེས་པར་དུ་རྒྱས་བསྡུས་འཚམ་པའི་རང་བཞིན་ལྡན་དགོས། གལ་སྲིད་མ་ཡིག་གི་མིང་བརྡའི་གྲུབ་སྟངས་ལ་གཞིགས་ནས་དངོས་པོའི་ཁྱད་ཆོས་སྟོན་པའི་མིང་ཚིག་གི་བར་དུ་ཕྲད་དང་བྱ་ཚིག་སོགས་གང་མང་སྦྱར་ནས་ལོ་ཙཱ་བྱས་པ་རྣམས་ཐ་སྙད་མང་པོ་འགྲེལ་བཤད་ལྟ་བུར་སོང་ནས་ས་གནས་ངོས་འཛིན་པའི་ས་མིང་དུ་འགྱུར་མི་ནུས། ང་ཚོས་ལོ་ཙཱ་བྱེད་བཞིན་པའི་ཁྲོད་དུ་སྐབས་འགར་མིང་བརྡའི་འགྱུར་ལ་ཞིབ་རྒྱས་འགྲོ་ཆེ་ན་དེའང་འགྲེལ་བཤད་ལྟ་བུར་ལོག་ནས་རྙོག་འཛིང་ཇེ་མང་དུ་འགྲོ་བ་དང་། ཡང་ན་ས་མིང་འབུར་དུ་ཐོན་ཕྱིར་མིང་བསྡུས་དྲགས་ན་མ་ཡིག་གི་བསྟན་དོན་གསལ་པོར་མཚོན་མི་ནུས་པའི་གནས་ཚུལ་འབྱུང་བས། ཕྱོགས་གཉིས་ཀར་ཅིག་ཅར་དུ་མངོན་ཐུབ་པ་དང་གོ་བདེའི་ངང་ནས་སྟོན་ཐུབ་པ་ཞིག་ཡོང་ཐུབ་ན་ཤིན་ཏུ་ལེགས། དཔེར་ན། གལ་ཏེ་དཀར་མཛེས་རྫོང་དང་དཔལ་ཡུལ་རྫོང་ཞེས་པའི་ས་མིང་ལ་甘尔孜དང་白拉玉ལྟ་བུ་ལོ་ཙཱ་བྱས་པ་འདི་རྣམས། ཀློག་པ་པོར་མཚོན་ན་འདོན་མི་བདེ་བ་དང་རྙོག་འཛིང་ཆེ་བ། ས་མིང་དེ་དག་ལོ་ཙཱ་བྱེད་དུས་སྒྲ་ཉུང་ལ་སྡེབ་ལེགས་པ། འདྲ་ཆགས་པ་བཅས་མཐུན་རྐྱེན་རྣམ་གསུམ་འཛོམས་པར་སྦྱར་ནས་རྒྱས་བསྡུས་རན་པའི་རང་བཞིན་ལྡན་པ་甘孜དང白玉ཞེས་ལོ་ཙཱ་བྱས་ཡོད་པ་ནི་གོ་ལོག་འཁྲུལ་ལོག་མེད་ཅིང་ལུགས་དང་མཐུན།
        གོང་གི་རྩ་དོན་དེ་དག་ནི་རྒྱལ་སྤྱི་ཚད་གཞིའི་ས་མིང་རྩ་དོན་ལ་བསྟུན་པ་དང་། ལོ་ཙཱའི་ཉམས་མྱོང་ཕུན་སུམ་ཚོགས་པའི་ཆེད་མཁན་རྣམས་ཀྱིས་ཞིབ་བརྡར་བྱས་པའི་ཉིང་བཅུད་ཡིན་ཏེ། ལོ་ཙཱ་བ་རྣམས་ཀྱིས་ལག་ལེན་ཁྲོད་རྩ་དོན་དེ་དག་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལྟར་བསྲུངས་ན་རྙོག་འཛིང་གི་གནས་ཚུལ་འབྱུང་མི་སྲིད་སྙམ། དེ་བས་བྱ་གཞག་གང་ཞིག་ཡིན་རུང་འཛིན་གཞི་ཞིག་ཡོད་དགོས་ཏེ། གལ་ཏེ་འགལ་ན་ཉེས་ཁྲིམས་གཅོད་པ་ཇི་བཞིན་དུ་ས་མིང་ལོ་ཙཱ་བྱེད་སྐབས་རྩ་དོན་སྣང་མེད་དུ་བཞག་ནས་འགྱུར་སྐྱོན་ཁྱབ་གདལ་དུ་བཏང་སྟེ་རིག་གནས་ཀྱི་གད་སྙིགས་དང་ཉེས་ཆད་དུ་མི་འགྱུར་བར་གཟབ་དགོས། རྒྱ་རིགས་ཆེད་མཁས་ཞིག་གིས“མི་རིགས་ཤིག་གི་ངོས་ནས་བཤད་ན་སྲོལ་རྒྱུན་དོར་ཏེ་འཕེལ་རྒྱས་ཁོ་ནའི་དོན་དུ་གཉེར་ན་མི་འགྲིག་ལ། འཕེལ་རྒྱས་དོར་ཏེ་ཤུལ་འཛིན་ཁོ་ནའི་དོན་དུ་གཉེར་ནའང་མི་འགྲིག”ཅེས་རྒྱུན་འཛིན་དང་འཕེལ་རྒྱས་དབར་གྱི་འགལ་ཟླ་མཐུན་སྦྱོར་བྱ་དགོས་ཚུལ་གསལ་པོར་བསྟན་ཡོད་པ་བཞིན། ང་ཚོས་ས་མིང་གི་ཕན་ནུས་ལ་ངོས་འཛིན་ཡང་དག་པར་བྱ་རྒྱུ་ནི་གལ་འགངས་ཧ་ཅང་ཆེན་པོ་ཡིན། ས་མིང་འདི་ཡང་མིའི་རིགས་ཀྱི་ཤེས་རིག་གྱི་འཕེལ་རྒྱས་ཀྱི་ཐོན་དངོས་ཤིག་ཡིན་ལ། དེང་སང་བོད་རྒྱ་མི་རིགས་གང་ཞིག་ཡིན་ཡང་ལོ་ཙཱའི་ཐབས་ལམ་བརྒྱུད་དེ་རིག་གནས་ཕན་ཚུན་བརྗེ་རེས་བྱེད་དུས་ས་མིང་ཐམས་ཅད་ལོ་ཙཱའི་རྩ་དོན་ལ་གཞིར་བཟུང་ནས་འགྱུར་སྣ་གཅིག་དང་མ་ཡིག་ཇི་བཞིན་དུ་སྒྲ་ཐོན་པར་གཟབ་པར་འཚལ་ལོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1