1.ཤིང་སོན་ར་བའི་ས་རྒྱུ་ལེགས་བཅོས་དང་རྣང་མ་བཟོ་སྟངས།
ཤིང་སོན་འདེབས་གསོ་དང་འབྲུ་རིགས་འདེབས་ལས་ནི་སྤྱིར་ན་གཅིག་པ་རེད། ཞིང་པས་འབྲུ་རིགས་འདེབས་སྐབས་རྨོད་ཐེངས་མང་རྒྱག་དོན་ནི་ས་རྒྱུ་གཤིན་པོར་འགྱུར་ཐུབ་པ་དང་རྩྭ་ངན་ཉུང་དུ་ཕྱིན་ནས་ས་བཅུད་ཕུན་སུམ་ཚོགས་སུ་འགྲོ་བས་ཞིང་ལས་ཐོན་སྐྱེད་ལ་ལོ་ལེགས་ཡོང་གི་ཡོད་པ་རེད། དེས་ན་ཤིང་སོན་ར་བར་ལས་ཀ་བྱེད་མཁན་གྱིས་ཤིང་སོན་ཡག་པོ་སྐྱེ་ཐུབ་པ་ཡོང་དགོས་ན། དང་ཐོག་ས་རྒྱུ་ལེགས་བཅོས་ཀྱི་ལས་ཀ་དང་ས་ཞིང་རྨོད་ཐེངས་མང་བརྒྱབ་སྟེ་ས་རྒྱུ་གཤིན་པོར་འགྱུར་ཐུབ་པ་བྱས་ནས་ས་འཁོད་སྙོམས་པ་དང་རྩྭ་ངན་དང་རྡོ་ཧྲུག་བཅས་གཙང་སེལ་བྱས་ན་གཞི་ནས་མྱུ་གུའི་སྐྱེ་འཚར་ཡག་པོ་ཡོང་ཐུབ། རྣང་མ་བཟོ་བའི་སྐབས་ངེས་པར་དུ་ས་བབ་དང་ཡུལ་བབ་ལ་བརྟེན་ནས་བཟོ་དགོས་ལ་བོད་ཁུལ་དུ་ཆར་ཆུའི་དུས་སུ་མཁའ་རླུང་གི་བཞའ་ཚན་ཆེ་རུང་རྣམ་ཀུན་སྐམ་ཤས་ཆེ་བས་ཤིང་སོན་ར་བའི་རྣང་མ་བཟོ་སྐབས་མང་ཆེ་བ་ཁོད་སྙོམས་པོ་བཟོ་དགོས། བཞའ་ཚན་ཆེ་བ་དང་ཆར་དུས་ཀྱི་ཆུ་མང་དྲགས་པའི་ཤིང་སོན་ར་བའི་རྣང་མ་མཐོ་ཙམ་བཟོ་དགོས་ལ་རྣང་མའི་རིང་ཚད་དང་ཞེང་ཚད་ནི་ས་རྒྱ་ཆེ་ཆུང་གི་གནས་ཚུལ་ལ་གཞིགས་ཏེ་དོ་དམ་སྟབས་བདེ་ལ་ངལ་རྩོལ་ནུས་ཤུགས་འཕྲོ་བརླག་ཏུ་མ་སོང་བ་བྱ་དགོས། གཞན་ཡང་ས་ཆ་ཁོད་སྙོམས་ཡིན་ན་རྣང་མའི་རིང་ཚད་སྨི་ལྔ་བཅུ་ཙམ་དང་ཞེང་ཚད་སྨི་བཞི་ཙམ་བཟོས་ན་འཚམ་ཤོས་ཡིན་པ་རེད།
2.སྐྱེ་འཚར་བྱུང་བཞིན་པའི་ཤིང་རིགས་རྩ་སྤོས་བྱ་ཐབས།
ལྗོན་ཤིང་སོགས་ཤིང་རིགས་སྐྱེ་འཚར་བྱུང་བཞིན་པའི་ནམ་དུས་སུ་རྩ་སྤོས་རྒྱག་སྐབས་ཡིད་གཟབ་མ་བྱུང་ན་ཤིང་ཕྲུག་གསོན་ཁག་པོ་ཡོད། གང་ལགས་ཤེ་ན་རྩ་སྤོས་རྒྱག་སྐབས་ཤིང་གི་རྩ་བ་ཆད་རྨས་བྱུང་ནས་ཆུ་བསྡུ་ལེན་བྱེད་པའི་ནུས་པ་ཤོར་འགྲོ་ལ་ཤིང་གི་ལོ་མས་སྔར་ལྟར་མཁའ་རླུང་རྔུབ་གཏོང་དང་ཆུ་རླངས་བསྡུ་ལེན་བྱེད་དགོས་པས་ཆུའི་མཁོ་ཚད་ཤིན་ཏུ་མཐོན་པོ་ཡོད། དེ་ལྟར་ཆུའི་མཁོ་ཚད་དོ་སྙོམས་མ་བྱུང་ན་ཤིང་ཕྲུག་གསོན་ཐུབ་ཀྱི་མེད། དེ་ཡང་རྩ་ཆེ་བའི་ཤིང་རིགས་དང་ལྗོན་ཤིང་། ཐང་ཤིང་སོགས་རྩ་སྤོས་རྒྱག་སྐབས་ས་དང་མཉམ་དུ་བཀོག་ནས་འཛུགས་དགོས་ལ་བཙུགས་ཚར་རྗེས་དེ་མུར་ཆུ་རྒྱག་དགོས། གཞན་ཡང་གནས་སྐབས་རིང་ཉི་མ་ཕོག་པའི་ངོས་བཀབ་དགོས་ལ་ཤིང་ངོས་ཀྱི་རྨ་ཁར་བཀྲག་རྩི་བྱུགས་ནས་ནད་འབུ་སོགས་མི་འཛུལ་བ་བྱེད་དགོས་པ་དང་། རྩ་སྤོས་རྒྱག་རྗེས་ཀྱི་ཉིན་བཅོ་ལྔ་རིང་ལ་ཉིན་ལྟར་ཆུ་གཏོར་ནས་ལོ་མ་སེར་པོ་མ་ཆགས་པ་བྱ་དགོས། དཔེར་ན་སྤྱིར་བཏང་གི་ཤིང་རིགས་བཏབ་ནས་ལོ་ལྔ་ནས་བཅུ་ཙམ་ཕྱིན་པའི་ཤིང་ཡིན་ན་རྩ་སྤོས་རྒྱག་སྐབས་རྩ་བ་ས་དང་བཅས་པ་མཉམ་དུ་བཀོག་དགོས་མེད། སྐྱེ་འཚར་བྱུང་བཞིན་པའི་ཤིང་སོན་ཡིན་ན་སྔོན་ལ་ས་དོང་དྲུས་ཐོག་དེ་མར་བཙུགས་ནས་ཆུ་རྒྱག་དགོས། གལ་ཏེ་ཐག་རིང་ནས་དབོར་འདྲེན་བྱ་དགོས་པའི་ཤིང་ཡིན་ན་རྩ་བ་ཉི་ལྷགས་ཀྱིས་མ་རྡུང་བའི་ཆེད་རྩྭ་གདན་སོགས་རློན་པའི་ནང་རྩ་བ་བཏུམས་ནས་བཤེར་ཆུ་དང་མ་བྲལ་བ་བྱས་ཐོག་དེ་མར་བཙུགས་ནས་ཆུ་རྒྱག་དགོས་པ་རེད།
3.བོད་ཁུལ་གྱི་ཁམ་བུ།
རྩི་ཤིང་རིགས་འབྱེད་རིག་པ་ནས་བརྗོད་ན་ཁམ་བུ་ནི་ཤིང་ཏོག་ལི་ཡི་ཁོངས་སུ་གཏོགས་ལ་ཁམ་བུའི་ཐོག་མའི་ཐོན་ཁུངས་ནི་རང་རྒྱལ་ནས་ཡིན་ཞིང་། ད་ལྟ་འཛམ་གླིང་ས་ཕྱོགས་ཀུན་ལ་ཁྱབ་ཡོད་པ་རེད། རང་རེ་བོད་ཀྱི་ས་ཁུལ་ལ་བརྗོད་ན་གནའ་སྔ་མོ་ནས་ཁམ་བུ་འདེབས་པའི་གོམས་གཤིས་ཡོད་ཅིང་ད་བར་ལོ་ངོ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། བོད་ཀྱི་ཁམ་བུའི་ཁྱབ་ཁོངས་ནི་ལྷ་ས་དང་གཙང་པོ་གསུམ་བབ་རྒྱུད་ཀྱི་དབུས་རྒྱུད་ས་ཁུལ་དུ་ཕོན་ཆེ་ལ་སྨིན་ཚད་སྔ་ཕྱི་བར་གསུམ་གྱི་ཁམ་བུའི་རིགས་མང་བ། རོ་བཅུད་ཆེ་བ། སྐྱེས་འབྲས་བཟང་བ་བཅས་དང་། ལྷག་པར་དུ་ལོ་རབས་དྲུག་ཅུ་པའི་སྐབས་སུ་བོད་ལྗོངས་ཞིང་ལས་ཚན་རིག་ཞིབ་འཇུག་ཁང་གིས་ནང་ས་ནས་འདྲེན་ཡོང་བའི་ཁམ་བུ་ལེབ་མོ་ཞེས་པ་དེ་ནི་ཕྱི་དབྱིབས་མཛེས་ལ་ཚོས་གཞི་ལེགས་པ་། པགས་པ་སྲབ་པ། རོ་མངར་བ་སོགས་ཀྱི་ཁྱད་ཆོས་དམིགས་བསལ་ལྡན་པས་ཕྱི་ཕྱོགས་ནས་ཕེབས་པའི་སྐུ་མགྲོན་ཚོས་དེ་ནི་ས་མཐོའི་ཤིང་འབྲས་རྩ་ཆེན་ཞེས་བསྔགས་བརྗོད་ཞུ། ས་མཐོའི་ཁམ་བུར་ཐུན་མོང་མིན་པའི་འཚོ་བཅུད་ཀྱི་རྒྱུ་འདུས་ཡོད་པ་སྟེ་རྒུན་འབྲུམ་མངར་ཆ་དང་། སྤྲི་དཀར། གུང་ལ་ཕུག་རྒྱུ་བཅས་དང་འཚོ་རྒྱུ་ཀལ་དང་ལྕགས། ལིན་སོགས་ཡོད་པས་སྨན་གྱི་ནུས་པའང་ཆེན་པོ་ལྡན་ཡོད། གཞན་ཡང་ས་མཐོའི་ཐོག་གཞི་རྒྱ་ཆེ་བའི་རི་སྐྱེས་ཁམ་བུ་དང་། ལོ་གསུམ་ཁམ་བུ་སོགས་ཁམ་བུའི་རིགས་མང་པོ་ཡོད་པས། དེ་རྣམས་ས་མཐོའི་ཤིང་འབྲས་སྤྱི་དང་འདྲ་བར་རྣམ་པར་བཀྲ་བའི་མེ་ཏོག་དང་། གཡུར་དུ་ཟ་བའི་འབྲས་བུ་བཏགས་ཏེ་འཛམ་གླིང་དབུ་རྩེའི་འགྲོ་བ་ཀུན་ལ་ཟས་ཀྱི་བདུད་རྩི་གསོལ་བཞིན་ཡོད་པ་རེད།
4.ཕག་པ་ལ་གཅིན་རྒྱུ་བསྟེར་རྒྱུ་མེད།
ཕག་པ་གསོ་ཉར་བྱེད་མཁན་ཁག་གཅིག་གིས་གཅིན་རྒྱུ་ཕག་པར་བསྟེར་ནས་ཤ་ཤེད་རྒྱས་ཐབས་བྱེད་ཀྱི་ཡོད། བྱ་ཐབས་དེ་ནི་ཚན་རིག་དང་མི་མཐུན་པ་ཞིག་རེད། ཕག་པར་གཅིན་རྒྱུ་བསྟེར་ན་ཤ་ཤེད་རྒྱས་རྒྱུ་ལྟ་ཅི་ཕག་པར་དུག་ཕོག་སྟེ་ཤི་ཉེན་ཆེན་པོ་ཡོད་པ་དང་། གཅིན་རྒྱུ་ལུག་དང་བ་གླང་སོགས་ལ་བསྟེར་ན་ཆོག་ཀྱང་ཕག་པར་རྩ་བ་ནས་སྟེར་མི་ཉན་ཏེ་ཕག་པ་དང་ལུག་གླང་གི་འཇུ་བྱེད་དབང་པོ་མི་གཅིག་པའི་དབང་གིས་རེད། ལུག་དང་བ་གླང་ནི་ལྡད་རྒྱག་མཁན་སྲོག་ཆགས་ཀྱི་རིགས་ཤིག་ཡིན་པས་དེ་དག་ལ་ཕོ་བ་བཞི་ཡོད་པ་སོ་སོས་ནུས་པ་མི་འདྲ་བའི་བྱ་ལས་རེ་བྱེད་ནུས་པས་གཅིན་རྒྱུའི་ནང་གི་དུག་ཤེད་རྣམས་སེལ་ཏེ་འཚོ་བཅུད་རྣམས་བསྡུ་རུབ་བྱེད་ཐུབ་ཀྱི་ཡོད། ཕག་པར་ཕོ་བ་གཅིག་ལས་མེད་པས་གོང་གསལ་གྱི་གཅིན་རྒྱུའི་ནང་གི་བཅུད་རྣམས་བསྡུ་བའི་ནུས་པ་མེད་ཁར་དུག་སེལ་བྱ་ནུས་ཀྱང་ཞན་པས་དུག་ཕོག་གི་ཡོད། དེར་བརྟེན་ཕག་པ་གསོ་མཁན་དུད་ཚང་ཚོས་ཚན་རིག་དང་མཐུན་པའི་ཕག་གསོའི་ཤེས་བྱ་སློབ་སྦྱོང་དང་གཞན་གྱི་ཉམས་མྱོང་བཟང་པོ་དང་ལེན་བྱ་དགོས་པ་ལས་སོ་སོས་རང་འགར་ཉ་ཉུང་མཉམ་བསྲེས་དང་གཅིག་ཤེས་ཀུན་འཇུག་གནང་རྒྱུ་མེད་པ་རེད།
(མི་རིགས་དུས་དེབ་ལས་བཤུས།)