༄༅།། ཕ་བོང་ཁའམ་སྐུ་མཁར་མ་རུ་ངོ་སྤྲོད་མདོར་བསྡུས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 03-13


        ཕ་བོང་ཁ་ཞེས་པའི་མིང་གཞན་ལ་སྐུ་མཁར་མ་རུ་ཡང་ཟེར། དེ་ནི་ལྷ་ས་གྲོང་ཁྱེར་གྱི་བྱང་གི་ཉེ་འགྲམ་ཉང་རའི་ཁུལ་དུ་ཡོད་ཅིང་། དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོས་རི་བོ་གྲུ་དམར་ཐོག་ཕོ་བྲང་བཞེངས་པ་དང་། དུས་མཚུངས་ཉང་རར་ཕོ་བྲང་གཞན་ཞིག་བཏང་གནང་ཞིང་། དེ་ནི་ལོ་རྒྱུས་ཐོག་སྐད་གྲགས་ཡོད་པའི་ཕ་བོང་ཁའི་ཕོ་བྲང་དམར་པོ༼སྐུ་མཁར་མ་རུ༽ཞེས་པ་དེ་རེད།

        ཉིན་ཞིག་གི་ཞོགས་པར་སྲོང་བཙན་སྒམ་པོ་དང་བློན་པོ་རྣམས་རྩེ་ཕོ་བྲང་གི་ཡང་སྟེང་དུ་ཕེབས་ནས་ཕྱོགས་བཞིའི་ཡུལ་ལྗོངས་ལ་གཟིགས་ཞིབ་གནང་སྐབས་གློ་བུར་དུ་བྱང་ངོས་ཀྱི་བདེ་མཆོག་རིའི་འདབས་ཀྱི་ལྗོན་ཤིང་སྔོན་པོའི་ཁྲོད་དུ་དངོས་པོ་ནག་རིལ་ཆེན་པོ་ཞིག་ཡོད་པ་གཟིགས་ནས་དཔོན་བློན་ཐམས་ཅད་ངོ་མཚར་ཆེན་པོ་བྱུང་ཞིང་། སྲོང་བཙན་སྒམ་པོས་ནག་རིལ་དེ་ནི་ཐག་ཞགས་ཁ་ཤས་ཀྱིས་འཇལ་ཐུབ་ཙམ་ཡོད་པའི་རྡོ་ནག་རུས་སྦལ་འདྲ་བ་ཞིག་ཡོད་པས་ཐོན་མི་སམ་བྷོ་ཊ་མཆོག་ལ་ཆེད་མངགས་ཕོ་བྲང་ཞིག་བཞེངས་ནས་བོད་ཡིག་གསར་གཏོད་གནང་རྒྱུར་ཕན་པའི་ཆ་རྐྱེན་བསྐྲུན། ཐོག་བརྩེགས་དགུ་ཡོད་པའི་ཕོ་བྲང་ཞིག་མགྱོགས་ནས་མྱུར་དུ་རྡོ་ནག་ལས་གྲུབ་པའི་རུས་སྦལ་གྱི་སྒལ་སྟེང་དུ་འགྱིང་ངེར་བཞེངས་ལ། ཐོན་མི་སམ་བྷོ་ཊས་སྐུ་མཁར་མ་རུར་ལོ་ངོ་ལྔ་ལ་འབད་པ་གནང་མཐར་བོད་རང་གི་ཡི་གེ་གསར་གཏོད་ལེགས་གྲུབ་བྱུང་བ་དང་། སྲོང་བཙན་པོས་ལོ་གསུམ་ལ་ཐུ་མི་མཆོག་རང་གི་སློབ་དཔོན་དུ་བསྟེན་ནས་ཡི་གེ་བསླབས་པར་གྲགས།
        ཕོ་བྲང་བཞེངས་དགོས་དོན་ནི་གཅིག་ནས་རྒྱལ་པོ་རང་ཉིད་ཀྱི་སྒྲུབ་པ་མཛད་ཡུལ་དང་། གཉིས་ནས་བལ་བཟའ་ཁྲི་བཙུན་གྱིས་ལྷ་སའི་གཙུག་ལག་ཁང་བཞེངས་དགོངས་པའི་སྐབས་རྒྱ་བཟའ་ཀོང་ཇོས་སྤོར་ཐང་རྩིས་བསྐོར་བས། གཙུག་ལག་ཁང་བཞེངས་པའི་འོ་ཐང་མཚོ་དེར་སྲིན་མོའི་སྙིང་ཁྲག་ལྟ་བུ་ཡོད་པས་གེགས་སེལ་ཆེད། ས་བདག་གསེར་གྱི་རུས་སྦལ་དབྱིབས་ཕ་བོང་ཆེན་པོའི་སྟེང་ཕོ་བྲང་བཞེངས་ན་ལེགས་པས་རྩིག་རྨང་དུ་ཁྲོ་ཆུ་བཞུས་ནས་དགུ་བརྩེགས། ཕྱོགས་བཞིར་མི་འགྱུར་བའི་ལྕགས་ཐག་བཞིས་བརྟན་པར་བྱེད་ཅེས་འཁོད་ཡོད། རུས་སྦལ་ཕོ་མོ་གཉིས་ཀྱི་བར་ལ་རྒྱ་བཟའི་སྐུ་མཁར་བཞེངས། ཕ་བོང་ཁའི་དཀར་ཆག་ཏུའང་། རྒྱལ་པོ་སྲོང་བཙན་སྒམ་པོ་ཡབ་ཡུམ་རྣམས་ལོ་གསུམ་སྒྲུབ་པ་མཛད་པར་དམ་བཅས་ནས་བསྒྲུབས་པས། ཞག་གསུམ་ནས་འཕགས་མཆོག་རིགས་གསུམ་མགོན་པོ་ཅིག་ཅར་དུ་ཞལ་གཟིགས། གསུང་གི་འཁོར་ལོ་བསྩལ་བ་ནི་རྒྱལ་པོ་ཁྱོད་ཀྱི་ཡིད་ལ་འདོད་དོན་ཇི་ཉིད་ཡོད་པ་དེ་དག་ཐམས་ཅད་ཁོ་བོ་གསུམ་གྱི་མདུན་དུ་སྨོན་ལམ་གྱིས་དང་ཁོ་བོ་གསུམ་ཞིང་གི་མཐུ་དང་ལྡན་པས་འདོད་དོན་རྣམས་ཡིད་བཞིན་འགྲུབ་པར་འགྱུར་རོ་ཞེས་གསུང་གི་སྣང་བ་བྱིན་པ་བཞིན་དུ་སྨོན་ལམ་ཁྱད་པར་ཅན་བཏབ་པས་ཇི་བཞིན་གྲུབ། ཡི་དམ་གསུམ་པོ་རྡོ་ལ་ཐིམས་ནས་རྡོ་དེར་རང་བྱོན་དུ་ཕེབས། ཕྱིས་ལྷ་བཟོ་བས་གསལ་དུ་བཏང་། ད་ལྟ་རིགས་གསུམ་ལྷ་ཁང་དུ་བཞུགས་པ་དེ་རང་ཡིན། ད་དུང་རྡོ་སྐུ་རང་བྱོན་གྱི་སྤྱན་རས་གཟིགས་དང་བདེ་མཆོག་གི་སྤྱན་འབུར་ཚུགས་སུ་ཡོད་པ། ཚེས་བཅུ་ལྷ་ཁང་གི་ཕུག་པར་གནས་དེའི་སྒོ་སྲུང་ཡིན་ཟེར་བ་ལྷ་མོ་གཙོ་འཁོར་གསུམ་གྱི་རྡོ་སྐུ་རང་བྱོན་དང་། ཐོན་མི་ས་བྷོ་ཊས་རྒྱ་གར་གྱི་ཡི་གེར་དཔེ་བྱས་ཏེ་བོད་ཡིག་དབུ་ཅན་གྱི་ཡིག་དྲུག་མའི་ཡིག་ཕུད། རུལ་སྦལ་ཕོ་མོ་གཉིས་ཀྱི་ཕ་བོང་སོགས་སྐུ་གསུང་ཐུགས་རྟེན་མང་པོ་འཇལ་རྒྱུ་ཡོད་པ་དང་། གནས་དེར་ལྷ་ས་གཙུག་ལག་ཁང་མ་བཞེངས་སྔོན་གྱི་ལོ་རྒྱུས་ཡོད་པ་དང་བོད་རྗེ་སྲོང་བཙན་སྒམ་པོའི་སྒྲུབ་པ་མཛད་ཡུལ། བོད་ཀྱི་རྒྱལ་བློན་འབངས་གསུམ་གྱིས་ཐོན་མི་ས་བྷོ་ཊས་རྒྱ་གར་ནས་བསྣམས་ཕེབས་པའི་ཡི་གེ་དང་། སྒྲ་སྦྱོར་སོགས་སྦྱང་པ་གནང་ཡུལ་གྱི་གནས་ཁྱད་པར་ཅན་ཞིག་ཡིན།
  གནས་དེར་ལོ་རྒྱུས་ཀྱི་ལོ་ཟླའི་ནང་དར་རྒུད་སྣ་ཚོགས་བྱུང་ཞིང་། ཁྲི་སྲོང་ལྡེ་བཙན་དང་བཙན་པོ་མངའ་བདག་ཁྲི་རལ་པ་ཅན་སོགས་ཀྱི་སྐབས་དང་བོད་ཡོངས་ལ་སངས་རྒྱས་བསྟན་པ་དར་རྒྱས་ཆེ་ཤོས་ཀྱི་སྐབས་ཡིན་པས་ན། ཕ་བོང་ཁ་ལ་ཡང་རབ་བྱུང་མང་པོ་སྒྲུབ་པ་མཛད་པ་ནས་བཞུགས་གནང་ནས་ཆོས་ཁྲིམས་དང་རྒྱལ་ཁྲིམས་གཉིས་ཀ་དར་རྒྱས་བྱུང་ཡོད། གླང་དར་མས་བསྟན་པ་བསྣུབས་སྐབས་བོད་སྤྱི་ནས་དགེ་འདུན་མང་པོ་མཐའ་ལ་བསྐྲད། ཕོ་བྲང་དགུ་བརྩེགས་ཀྱང་མེར་བསྲེགས་བཏང་བའི་ལོ་རྒྱུས་ཡོད་པ་རེད། རྗེས་སུ་བཀའ་གདམས་པའི་དགེ་བཤེས་པོ་ཏོ་བའི་དངོས་སློབ་བྲག་དཀར་བ་དང་། ལྷག་པར་དུ་བོད་རབ་བྱུང་བཅུ་པ་ས་ལུག་སྤྱི་ལོ༡༦༡༩ལོར་འཁོན་གྱི་བཙུན་པ་ཕ་བོང་ཁ་ཆེན་པོ་དཔལ་འབྱོར་ལྷུན་གྲུབ་སོགས་རྒྱལ་བའི་བཤེས་གཉེན་རིམ་བྱོན་གྱིས་དར་རྒྱས་སུ་མཛད། དགེ་འདུན་བཞི་བརྒྱ་ཙམ་གྱི་ཆོས་སྡེ་བཙུགས། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་གིས་ཕོ་བྲང་གསུམ་ཐོག་དང་། འཁོན་ཏོན་རིན་པོ་ཆེའི་སྐུ་བརྙན་མི་ཚད་བཞེངས། རིག་གནས་གསར་བརྗེའི་ལས་འགུལ་ནང་གཏོར་སྐྱོན་བྱུང་རུང་སྐུ་རྟེན་མང་ཆེ་བ་རྡོ་སྐུ་ཡིན་པས་སྣང་མེད་དུ་བཞུགས། དེང་སྐབས་རིགས་གསུམ་ལྷ་ཁང་སོགས་གསར་བཞེངས་ཀྱིས་གཙོ་བོ་རིགས་གསུམ་མགོན་པོ་རྡོ་སྐུ་རང་བྱོན་དང་། ཐོན་མི་ས་བྷོ་ཊའི་མ་ཎི་ཡིག་དྲུག་གི་ཡིག་ཕུད་སོགས་བཞུགས། ཕ་བོང་ཁའི་ཤར་ངོས་ཉེ་འགྲམ་དུ་དུར་ཁྲོད་བྱ་གཏོར་བྱེད་སའི་གནས་ཡང་ཡོད་དོ།།
 
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1