གཞུང་བཙུགས་སྨན་ཁང་གི་སྨན་རྫས་རིན་གོང་འཕར་མ་ཚང་མ་མེད་པར་བཟོ་རྒྱུ་ཡིན་པ།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-14
རྒྱལ་སྲིད་སྤྱི་ཁྱབ་ཁང་སྨན་བཅོས་འགན་བཅོལ་ལམ་ལུགས་སྒྱུར་བཅོས་གཞུང་དོན་ཁང་གི་ཀྲུའུ་རེན་ཝང་ཧོ་ཧྲེང་གིས་ཟླ་3ཚེས་11ཉིན་གསར་འགོད་པའི་ཚོགས་འདུའི་ཐོག་2017ལོར་གཞུང་བཙུགས་སྨན་ཁང་ལ་ཁྱོན་ཡོངས་ནས་ཕྱོགས་བསྡུས་སྒྱུར་བཅོས་བྱས་ཏེ། ཚང་མའི་སྨན་རྫས་ཀྱི་རིན་གོང་འཕར་མ་ཚང་མ་མེད་པར་བཟོས་ནས་མང་ཚོགས་ལ་སྨན་ཡོན་སྒོར་དུང་ཕྱུར་600ནས་700བར་གྲོན་ཆུང་བྱ་རྒྱུ་ཡིན་ཞེས་གསུངས་པས་རང་རྒྱལ་གྱི་གཞུང་བཙུགས་སྨན་བཅོས་སྒྲིག་གཞི“སྨན་གྱིས་སྨན་པ་གསོ་བའི”དུས་རབས་རྦད་དེ་མཇུག་འགྲིལ་བ་མཚོན་གྱི་ཡོད།
སྨན་བཅོས་འགན་བཅོལ་ལམ་ལུགས་སྒྱུར་བཅོས་ཁྲོད་ཀྱི“སྨན་གྱིས་སྨན་པ་གསོ་བའི”གནས་བབ་ཕྱིར་འཐེན་བྱ་རྒྱུའི་སྐོར་གླེང་སྐབས་ཝང་ཧོ་ཧྲེང་གིས“འདི་ནི་ཐག་གཅོད་དཀའ་ཤོས་ཀྱི་གནད་དོན་ཞིག་རེད”ཅེས་གསུངས་ཤིང་། ཁོང་གིས་འདི་ནི་ཁེ་ཕན་སྙོམས་སྒྲིག་གཏིང་ཟབ་དང་འབྲེལ་བ་ཡོད་པ་མ་ཟད། ད་དུང་སྨན་བཅོས་དང་། སྨན་བཅོས་འགན་བཅོལ། སྨན་རྫས་བཅས“སྨན་གསུམ་མཉམ་འགུལ”སྒྱུར་བཅོས་དང་ཡང་འབྲེལ་བ་ཡོད་པས་སྨན་བཅོས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་གལ་ཆེན་ནང་གི་འགངས་ཆེན་ཡིན་པའི་ངོས་འཛིན་བྱེད།
ཁོང་གིས་སྨན་རྫས་ཀྱི་རིན་གོང་འཕར་མ་མེད་པ་བཟོས་ནས“སྨན་གྱིས་སྨན་པ་གསོ་བའི”ལམ་སྲོལ་མེད་པར་བཟོ་བར། ངེས་པར་དུ་གཞུང་བཙུགས་སྨན་ཁང་གི་སྤྱི་ཕན་རང་བཞིན་མཐའ་འཁྱོངས་བྱེད་དགོས་པ་དང་། ངེས་པར་དུ“སྨན་གསུམ་མཉམ་འགུལ”བྱས་ནས“ཐབས་མང་མཉམ་སྤྱོད”མཐའ་འཁྱོངས་ཀྱིས་སྒྱུར་བཅོས་ཀྱི་སྤྱི་ཡོངས་རང་བཞིན་དང་། མ་ལག་རང་བཞིན། མཉམ་སྡེབ་རང་བཞིན་བཅས་ཆེ་རུ་གཏོང་དགོས། ངེས་པར་དུ་ཁེ་ཕན་གྱི་ཕྱོགས་སྟོན་དང་སྐུལ་སློང་ལམ་སྲོལ་འོས་འཚམ་མཐའ་འཁྱོངས་ཀྱིས་སྨན་དོན་མི་སྣའི་བརྩོན་སེམས་བསྐུལ་ནས་ཁོ་ཚོའི་བྱེད་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་གསུངས།
ངོ་སྤྲོད་བྱས་པར་གཞིགས་ན། 2009ལོར་རེས་སྐོར་གསར་པའི་སྨན་བཅོས་ལམ་ལུགས་སྒྱུར་བཅོས་བྱས་ཚུན། རང་རྒྱལ་གྱིས་སྨན་རྫས་ཀྱི་རིན་གོང་འཕར་མ་རིམ་བཞིན་མེད་པར་བཟོས་པས། གཞུང་བཙུགས་སྨན་ཁང་གི་སྨན་ཡོན་བསྡུར་ཚད་2009ལོའི་46%ནས་2016ལོའི་40%བར་དུ་ཆག་སྟེ་ཚད་ངེས་ཅན་ཞིག་ནས་མང་ཚོགས་ཀྱི་སྨན་བཅོས་ཁུར་པོ་ཡང་དུ་ཕྱིན་ཡོད།