རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པ་མཇུག་སྒྲིལ་བ།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རྒྱང་སྒྲོག་དྲ་བ། སྤེལ་དུས། 03-14
སྤྱི་ཟླ3པའི་ཚེས13ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པ་པེ་ཅིང་དུ་མཇུག་སྒྲིལ།
ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པའི་གྲོས་རིམ་སྣ་ཚོགས་ཕུན་སུམ་ཚོགས་པར་ལེགས་འགྲུབ་བྱུང་ནས། ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་མཇུག་སྒྲིལ། གྲོས་ཚོགས་ནས། མི་དམངས་སྲིད་གྲོས་ཀྱི་རིམ་པ་སོ་སོའི་རྩ་འཛུགས་དང་། ཁོངས་ཞུགས་ལས་ཁུངས་སོ་སོ་དང་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། མཉམ་ལས་ཀྱི་ཐོག་མའི་སེམས་འདུན་མི་བརྗེད་པ་དང་། མུ་མཐུད་ལག་རྡང་མཉམ་སྦྲེལ་གྱིས་མདུན་སྐྱོད་བྱེད་པ། གསར་སྤེལ་གསར་སྐྲུན་དང་འབད་འཐབ་ལྷོད་མེད་བྱས་ཏེ་ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་པ་དང་། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་འཐབ་ལྷོད་མེད་བྱེད་དགོས་པའི་འབོད་སྐུལ་བཏང་།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེན་ཧྲེང་གིས་གྲོས་ཚོགས་གྲོལ་བའི་མཛད་སྒོར་མགོ་འཛིན་མཛད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཆིན་ལིན་དང་ཧན་ཆི་ཏི། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཏུང་ཅན་ཧྭ། ཝན་ཀང་། ལིན་ཝུན་དབྱི། ལོ་ཧྥུའུ་ཧི། ཧི་ཧུ་ཧྭ། ཀྲང་ཆིན་ལིས། ལིས་ཧེ་ཧྥིན། ཁྲིན་ཡོན། ལུའུ་ཀྲན་གུང་། ཀྲིག་ཞོ་ཁྲོན། ཝང་ཅ་རོས། ཝང་ཀྲིན་ཝེ། མཱ་པེའོ། ཆི་ཞུའུ་ཁྲོན། ཁྲིན་ཞོ་ཀོང་། མཱ་ཕེ་ཧྭ། ལིག་ཞོ་ཧྥིན། ཝང་ཆིན་མེན་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།
ཞི་ཅིན་ཕིང་དང་ལི་ཁེ་ཆང་། ཀྲང་ཏི་ཅང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་ཀྲུའུ་ཞིའི་སྟེགས་བུའི་སྟེང་བཞུགས་ཡོད།
སྔ་དྲོའི་དུས་ཚོད་དགུ་དང་ཕྱེད་ཀའི་སྟེང་། ཚོགས་འདུ་མཇུག་སྒྲིལ་བའི་མཛད་སྒོ་དངོས་སུ་མགོ་བརྩམས། ཡུས་ཀྲེན་ཧྲེང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པར་ཨུ་ཡོན་སྟོང་གཉིས་དང་ཉིས་བརྒྱ་དང་གསུམ་ཞུགས་དགོས་པ་དང་། དེ་རིང་ཨུ་ཡོན་སྟོང་གཉིས་དང་བརྒྱ་དང་གཅིག་ཚོགས་ཐོག་ཏུ་འབྱོར་བས། གཏན་ཁེལ་གྱི་མི་གྲངས་དང་མཐུན་ཞེས་བསྒྲགས།
ཚོགས་འདུའི་སྟེང་། ཨུ་ཡོན་རྣམས་ཀྱིས་བརྡས་ཐག་གཅོད་ཆས་བཀོལ་ཏེ་བརྡས་ཐག་གཅོད་པའི་ཐབས་ལ་བརྟེན་ནས། ལེང་ཀྲིན་དབྱིན་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་སྣོན་འདེམ་བྱས།
གྲོས་ཚོགས་ནས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་། སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གྲོས་འདོན་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་གྲོས་གཞི་ཞིབ་བཤེར་གནས་ཚུལ་སྐོར་གྱི་སྙན་ཞུ། སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པའི་ཆབ་སྲིད་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་།
ཡུས་ཀྲེན་ཧྲེང་གིས་གྲོས་ཚོགས་ཀྱི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་བློ་མཐུན་རྣམས་ཚོགས་ཆེན་མགོ་རྩོམ་པའི་མཛད་སྒོ་དང་མཇུག་སྒྲིལ་བའི་མཛད་སྒོར་ཞུགས་པ་མ་ཟད། ཚན་ཆུང་གི་གྲོས་སྡུར་ལ་ཞུགས་ནས་བསམ་འཆར་ལ་ཉན་པ་དང་། ཨུ་ཡོན་རྣམས་དང་བསམ་བློ་བརྗེ་རེས་བྱས་ཏེ། དཔལ་འབྱོར་བརྟན་བརླིང་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བ་དང་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་སུ་གཏོང་བའི་ནུས་ལྡན་བྱེད་ཐབས་སྐོར་ནས་མཉམ་དུ་གྲོས་མོལ་བྱས་པ་དེས། སྤྱི་ཚོགས་རིང་ལུགས་གྲོས་མོལ་དམངས་གཙོའི་གསོན་ཤུགས་དང་སྐྱེ་སྟོབས་ཡོངས་སུ་མཚོན་ཡོད། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་པའི་ཀྲུང་གུང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཐད་ནས་ཁྱད་དུ་འཕགས་པའི་གྲུབ་འབྲས་བླངས་པར་དགའ་སྤྲོ་ཚད་མེད་སྐྱེས་ཡོད་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་ལས་དོན་གྱི་འོད་སྟོང་འབར་བའི་མདུན་ལྗོངས་ལ་ཡིད་ཆེས་བརྟན་པོས་ཁེངས་ཡོད། ཨུ་ཡོན་རྣམས་ཀྱིས་ད་ལོའི་ཏང་དང་རྒྱལ་ཁབ་ཀྱི་བྱ་བ་གཙོ་བོར་དམིགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཙོ་ཡར་སྐུལ་ཏང་དང་ཞིང་བཟོ་ཏང་། དགུ་གསུམ་སློབ་ཚོགས་བཅས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚན་ཁག་གི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱས་པ་དང་། སྲིད་གཞུང་བྱ་བའི་སྙན་ཞུ་དང་རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་སོགས་ཡིག་ཆ་གལ་ཆེན་ལ་གྲོས་སྡུར་ཟབ་མོ་བྱས་ཤིང་། གཟབ་ནན་གྱིས་གྲོས་མོལ་སྲིད་གླེང་དང་ཧུར་ཐག་གིས་བློ་འདོན་ཇུས་འབུལ་བྱས་ཏེ། བསམ་འཆར་དང་གྲོས་གཞི་གལ་ཆེན་བཏོན། གྲོས་ཚོགས་ཕུན་སུམ་ཚོགས་པར་ལེགས་འགྲུབ་བྱུང་བ་དང་། དེ་ནི་དམངས་གཙོ་དར་སྤེལ་དང་རྒྱལ་དོན་མཉམ་གླེང་གི་ཚོགས་ཆེན་ཞིག་ཡིན་ལ། ལྟ་བ་གཅིག་སྡུད་དང་མཐུན་སྒྲིལ་ཡར་སྐྱེད་ཀྱི་ཚོགས་ཆེན་ཞིག་ཡིན་པ་དང་། སྤོབས་པ་ཆེར་སྐྱེད་དང་འབད་པ་ལྷུར་ལེན་གྱི་ཚོགས་ཆེན་ཞིག་རེད་ཅེས་བསྟན།
ཡུས་ཀྲེན་ཧྲེང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་པའི་ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་གྱིས་ལག་བསྟར་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྒོས་ལག་བསྟར་བྱས་ལ། རླབས་ཆེན་ལས་དོན་དང་རླབས་ཆེན་བཟོ་སྐྲུན། རླབས་ཆེན་འཐབ་རྩོད་བཅས་ཟབ་སྤེལ་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འོད་སྟོང་འབར་བའི་དམིགས་འབེན་གྱི་ཕྱོགས་སུ་སྤོབས་པ་ཆེན་པོས་མདུན་སྐྱོད་བྱས། ད་ལོར། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་བསྡུ་རྒྱུ་ཡིན་ལ། དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན། རླབས་ཆེན་གྱི་དུས་རབས་སུ་རླབས་ཆེན་གྱི་ལས་དོན་བསྒྲུབ་དགོས་ན། མི་དམངས་སྲིད་གྲོས་ཀྱི་རིམ་པ་སོ་སོའི་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱི་འགན་ཁུར་ཧ་ཅང་ལྕི་བ་དང་ལས་འགན་གཟི་བརྗིད་ལྡན་པས། ཆབ་སྲིད་ཀྱི་གོ་གནས་མཐོ་རུ་འདེགས་པ་དང་། ཆབ་སྲིད་ཀྱི་འདུ་ཤེས་དང་ཆེ་ཕྱོགས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། དཔེ་ལྟའི་འདུ་ཤེས་བཅས་ཆེ་རུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཡིད་རྟོན་དང་གཞུང་ལུགས་ཡིད་རྟོན། ལམ་ལུགས་ཡིད་རྟོན། རིག་གནས་ཡིད་རྟོན་བཅས་ཇེ་དྲག་ཏུ་བཏང་ནས། སྔར་ལས་རང་རྟོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་པ་དང་། སྔར་ལས་གཅིག་གྱུར་གྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་བྱེད་དགོས་ལ། སྔར་ལས་འགྱུར་མེད་སྒོས་ཀྲུང་གུང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་མཐའ་འཁྱོལ་བྱེད་དགོས། ནུས་པ་དང་ལྡན་པར་སེམས་ཤུགས་གཅིག་སྒྲིལ་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དངོས་སུ་རྒྱུན་འཁྱོངས་བྱེད་པ་དང་འཕེལ་རྒྱས་སུ་གཏོང་བ་དང་ཐུན་མོང་བསམ་བློའི་ཆབ་སྲིད་རྨང་གཞི་སྲ་བརྟན་དུ་གཏོང་བ་གཙོ་ཐིག་བྱས་ཏེ། སེམས་ཤུགས་གཅིག་ཏུ་སྒྲིལ་བ་དང་མི་སྣ་གཅིག་ཏུ་བསྡུ་བ། དྲང་ཕྱོགས་ཀྱི་ནུས་ཚད་རྒྱ་ཆེན་པོ་ཆགས་པར་བྱེད་དགོས། འགན་ནུས་ཧུར་ཐག་གིས་སྒྲུབ་སྟེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དམ་དུ་དམིགས་ནས་ཇུས་འབུལ་ཤུགས་འདོན་དང་། གྲོས་མོལ་ཟོལ་མེད། དངོས་གཉེར་ལྟ་སྐུལ། སྲིད་གླེང་ཟབ་མོ། ཇུས་བཟང་མཉམ་འགོད་བཅས་བྱས་ཏེ། ཀྲུང་གུང་ཀྲུང་དབྱང་གི་སྲིད་ཇུས་བྱེད་ཕྱོགས་གལ་ཆེན་དག་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོབ་པར་བྱས་ཏེ། མི་དམངས་བདེ་སྐྱིད་ལྡན་པར་བྱེད་དགོས། རང་གཅུན་བློ་སྦྱོང་ནན་མོ་བྱས་ཏེ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། ཁྲིམས་བརྩི་སྒྲིག་སྲུང་དང་རྒྱས་འགོག་བརྩོན་བསྲི་བྱས་ཏེ་སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བ་ལག་ལེན་བྱེད་པའི་མིག་དཔེ་སྟོན་དགོས་ལ། སེམས་པ་རྒྱལ་དོན་ལ་ཐོགས་པ་དང་བརྩེ་བ་དམངས་ཚིས་ལ་འབུལ་བ། སྤྱོད་བཟང་མི་སེམས་ལ་འབབ་པ་བཅས་བྱས་ཏེ། གཏན་ཚིགས་ཡོད་པ་དང་བརྩེ་སེམས་ཟབ་པ། ཁག་ཁུར་ཆེ་བ། བྱས་རྗེས་ཡོད་པ་བཅས་ཀྱི་སྲིད་གྲོས་ཨུ་ཡོན་བྱ་དགོས་ཞེས་བསྟན།
ཡུས་ཀྲེན་ཧྲེང་གིས་ད་ལོ་ནི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པས་བྱ་བ་སྒྲུབ་པའི་མཇུག་མཐའི་ལོ་ཡིན། སྐབས་གཅིག་ལ་སྲིད་གྲོས་ཨུ་ཡོན་བྱས་ཚེ། ཚེ་གང་བོར་སྲིད་གྲོས་ལ་བརྩེ་བ་བཅངས་དགོས་པས། ང་ཚོས་དུས་ཚོད་རྩ་ཆེན་ལ་ལྡབ་འགྱུར་གྱིས་གཅེས་སྤྲས་བྱེད་པ་དང་། ཨུ་ཡོན་གྱི་མཚན་སྙན་ལ་ལྡབ་འགྱུར་གྱིས་གཅེས་སྤྲས་བྱས་ཏེ། རྒྱུན་འཁྱོངས་ལྷོད་མེད་དང་འབད་བརྩོན་ལྷོད་མེད། ཐོག་མའི་སེམས་འདུན་མི་བརྗེད་པ། བློ་བརྟན་འགྱུར་མེད། ལས་གནས་བརྟན་སྲུང་། ལྷོད་གཡེང་མེད་པ་བཅས་ཀྱི་སྒོ་ནས་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་ཆེན་པོའི་ཁྲོད་དང་མི་དམངས་སྲིད་གྲོས་ཀྱི་གར་སྟེགས་སྟེང་དུ་མི་ཚེའི་འབད་འཐབ་ཀྱི་དམིགས་འབེན་གཏན་ཁེལ་བྱས་ཏེ། མི་སེམས་འགུལ་བའི་སྲིད་གྲོས་ཀྱི་གཏམ་རྒྱུད་རེ་རེ་བྲིས་ནས། བྱས་རྗེས་གསར་བས་མི་དམངས་སྲིད་གྲོས་ལས་དོན་ལ་འོད་སྣང་སྐྲུན་དགོས་ཞེས་བསྟན།
གྲོས་ཚོགས་གྲོལ་བའི་མཛད་སྒོར་ཞུགས་པའི་མགོ་ཁྲིད་བློ་མཐུན་ལ་ད་དུང་། མཱ་ཁའེ་དང་ཝང་ཧུའུ་ཉིན། ལིག་ཡན་ཏུང་། ལིག་ཆི་པའོ། ཞུའུ་ཆི་ལེང་། སུན་ཁྲུན་ལན། སུན་ཀྲིན་ཚེ། ལིས་ཅན་གོ། ལིས་ཡོན་ཁྲའོ། ཝང་ཡང་། ཀྲང་ཁྲོན་ཞན། ཧྥན་ཁྲང་ལུང་། མིན་ཅན་ཀྲུའུ། ཀྲའོ་ལི་ཅི། ཧུའུ་ཁྲོན་ཧྭ། ལིས་ཀྲན་ཧྲུའུ། གོ་ཅིན་ལུང་། ཧན་ཀྲིན། ཀྲའོ་ཧུང་ཀྲུའུ། ཡང་ཅིན། ཝང་ཧྲིན་ཅོན། ཁྲིན་ཁྲང་ཀྲི། ཡན་ཅོན་ཆི། ཝང་ཁྲིན། ཧྲིན་ཡེའོ་ཡེའོ། ཅི་པེན་ཞོན། ཀྲང་ཕེན། བྱམས་པ་ཕུན་ཚོགས། ཨེ་ལེ་ཀིན་དབྱི་མེན་པ་ཧེ། ཝན་ཨི་ཞང་། ཀྲང་པའོ་ཝུན། ཁྲིན་ཀྲུའུ། ཁྲང་ཝན་ཆོན། དབྱང་ཅེ་ཁྲི། གོ་ཧྲིན་ཁུན། ཝང་ཡུང་། ཀྲིག་ཆང་། ཚའོ་ཅན་མེན་སོགས་ཡོད།
ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན། རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་ཀྱི་འབྲེལ་ཡོས་སྡེ་ཁག་གི་འགན་ཁུར་པ་ཚོགས་འདུ་མཇུག་སྒྲིལ་བའི་མཛད་སྒོར་ཟུར་ཞུགས་བྱས། ཀྲུང་གོར་སྡོད་པའི་རྒྱལ་ཁབ་སོ་སོའི་གཞུང་ཚབ་པས་གདན་དྲངས་པ་ལྟར་ཚོགས་འདུ་མཇུག་སྒྲིལ་བའི་མཛད་སྒོར་ཟུར་ཉན་བྱས།
ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ནས་གྲོལ།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1