༄༅།། རྗེ་ཙོང་ཁ་པའི་བསྟོད་ཆེན་བཞིའི་ཚིག་རྒྱན་སྦྱོར་སྟངས་སྐོར་ལ་ཅུང་ཟད་དཔྱད་པ།

གདུགས་དཀར་ཚེ་རིང་། རྩོམ་སྒྲིག་པ།ཚེ་དབང་དཔལ་མོ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 03-14



གདུགས་དཀར་ཚེ་རིང་།

        རྗེ་ཙོང་ཁ་པའི་བསྟོད་རྩོམ་སྙན་ངག་དག་དང་། ལྷག་པར་བསྟོད་ཆེན་བཞིའི་ཚིག་རྒྱན་གྱི་སྦྱོར་བའི་སྟེང་གི་ཁྱད་ཆོས་ལས་ཤེས་ཐུབ་པ་ནི་སྐྱེ་བོ་གང་དག་སྐྱེས་སྟོབས་འབར་བའི་ཤེས་རབ་ཆེས་གསལ་བ་དང་། བློ་གྲོས་ཀྱི་རྩལ་ལས་སྙན་ངག་གི་ཚིག་སྦྱོར་ཅི་རིགས་རྩོམ་ནུས་པའི་ངག་སྒོ་ཡངས་པ་ནི་ཐོག་མའི་རྨང་གཞི་ཡིན་པར་བཞེད་པས། གཅིག་ནས་ཁོང་གི་ལྷན་སྐྱེས་ཀྱི་ཤེས་རབ་རྨད་དུ་བྱུང་བ་དང་སྙན་ངག་གི་ཚིག་སྦྱོར་ལ་དང་འདོད་གཙིགས་ཆེན་བྱེད་པ་ཤེས་ཐུབ་སྟེ། དེ་ཡང་ཁོང་གི《 རིན་ཆེན་གསུམ་གྱི་གཏམ་གྱི་སྦྱོར་བ།》ལས། རིག་ལམ་རྣམ་པར་ཕྱེད་པའི་རྣམ་དཔྱོད་དང་། །གཞུང་ལུགས་གདམ་པར་ཤར་བའི་ཉམས་ལེན་དང་། །ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ། །ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་། །ཞེས་པ་འདི་ལས་ཚིག་རྒྱན་གྱི་སྦྱོར་བ་གང་དེ་ས་སྟེང་གི་རིན་ཆེན་གསུམ་གྱི་ཡ་གྱལ་དུ་བགྲང་ཡོད་པ་དང་། འདི་ནི་རྗེ་ཙོང་ཁ་པ་ཆེན་པོའི་སྙན་ལ་འཛིན་པའི་ལྟ་བའམ་གདེང་འཇོག་ཡིན་པ་རེད།

        རྗེ་ཙོང་ཁ་པ་ཆེན་པོའི་ཐུན་མོང་མིན་པའི་ལོ་རྒྱུས་དང་སྦྱར་ནས་བཤད་ན་ཁོང་གི་མཁྱེན་རབ་ཀྱི་ཡོན་ཏན་གང་ཇི་སྙེད་ཅིག་སྐྱེ་བོ་ཕལ་བའི་བློ་ཡིས་རྟོགས་པར་མི་འགྱུར་མོད། ཁོང་གིས་ཐུན་མོང་གི་རིག་པའི་གནས་ཀུན་ལ་གུས་རྟག་གི་སྦྱོར་བ་བརྟེན་པའི་ལོ་རྒྱུས་ལ་གཞི་བཅོལ་ཏེ་བོད་ཀྱི་རྩོམ་རིག་གི་བསྟན་བཅོས་སྤྱིའི་རང་བཞིན་དུ་བྱས་ཏེ་དཔྱད་ན། ད་གཟོད་ཐུན་མོང་གི་སྣང་ངོར་ཐུན་མོང་མ་ཡིན་པའི་རྩོམ་པའི་ཡོན་ཏན་རྨད་དུ་བྱུང་བ་ཞིག་གི་སྣང་བརྙན་ངང་གིས་གྲུབ་ཐུབ་པ་རེད། སྤྱིར་བོད་ཀྱི་སྲོལ་རྒྱུན་གྱི་དབང་དུ་བྱས་ནས་བཤད་ན་གཞུང་ལུགས་ཀྱི་ལྟ་བ་གཏན་དབབ་ཀྱི་རིག་གཞུང་ལ་མཐོང་ཆེན་མཛད་པ་ལས་ཐ་སྙད་རིག་གནས་ཀྱི་སྐོར་ཏེ་སྙན་ངག་ལྟ་བུ་ལ་མཐོང་ཆེན་དེ་འདྲ་མི་བྱེད་པ་ནི་ལོ་རྒྱུས་ཀྱི་ཆ་ནས་ཤེས་ཐུབ་པ་རེད། ཕྱིས་སུ་སྙན་དངགས་ཀྱི་གཞུང་ལུགས་བོད་དུ་བསྒྱུར་པ་དང་རྗེ་ཙོང་ཁ་པ་སོགས་ཀྱིས་མཚོན་པའི་མཁས་དབང་དག་གིས་སྙན་ཚིག་གི་སྦྱོར་བ་གང་དེ་གལ་ཆེ་བར་བསྟན་པ་བརྒྱུད་ནས། ཕྱི་རབས་པར་རྩོམ་པའི་ཡོན་ཏན་གྱི་ཆ་ནས་སྙན་ངག་གི་ཚིག་སྦྱོར་གང་དེ་མེད་དུ་མི་རུང་བའི་ངེས་ཤེས་བསྐྱེད་པ་རེད། གཉིས་ནས་ཁོང་གི་བསྟོད་རྩོམ་སྙན་ངག་གི་ཚིག་རྒྱན་གྱི་སྦྱོར་བ་ལ《སྙན་ངག་མེ་ལོང་།》གི་གཞུང་ལུགས་དང་བསྟན་བཅོས་ཀྱི་ཤུགས་རྐྱེན་ཐེབས་ཡོད་པ་མངོན་གསལ་ཡིན་ཏེ། དུས་ཀྱི་ཆ་ནས་དཔྱད་ན་འགྲོ་མགོན་ཆོས་རྒྱལ་འཕགས་པའི་དུས་ཏེ་ཕྱི་ལོ་དུས་རབས་བཅུ་གཉིས་པའི་དུས་སྨད་དེ་ཕལ་ཆེར་1350~1360ཡས་མས་ཤིག་ལ་ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་གྱིས་སྙན་དངགས་ཀྱི་བསྟན་བཅོས་《མེ་ལོང་མ།》ཡི་གཞུང་འདི་ཆ་ཚང་བསྒྱུར་པར་བཤད། ཕྱིས་སུ་འགྲེལ་བ་དང་ཡང་འགྲེལ་མང་དུ་བྱུང་བ་དང་བསྟུན་ནས་གཞུང་ལུགས་ཀྱི་བསྟན་བཅོས་འདིས་བོད་ཀྱི་རྩོམ་རིག་ལོ་རྒྱུས་སྟེང་གོ་གནས་གལ་ཆེན་བཟུང་བ་དང་། རྗེ་ཙོང་ཁ་པ་ཆེན་མོ་ནི་ཕྱི་ལོ་དུས་བཅུ་གཉིས་པའི་དུས་དཀྱིལ་དུ་འཁྲུངས་པས་སྙན་གཞུང་འདི་དར་འཕེལ་བྱུང་བའི་དུས་ཚོད་དང་འཁེལ་འདུག་པར་མ་ཟད། 《མེ་ལོང་མ།》ཡི་གཞུང་འདི་ས་སྐྱའི་དུས་སུ་བོད་དུ་བསྒྱུར་པས་ན་དུས་ཀྱི་ཆ་ནས་ཤུགས་རྐྱེན་ཐེབས་ཡོད་པའི་རྒྱུ་མཚན་ངེས་ཅན་འདུག སྙན་དངགས་ཀྱི་བསྟན་བཅོས་《མེ་ལོང་མ།》ལས། བསྟན་བཅོས་སྔ་མ་རྣམས་བསྡུས་ཤིང་། །སྦྱར་བ་རྣམས་ཀྱང་ཉེར་མཚོན་ཏེ། །ཇི་ལྟར་ནུས་བཞིན་བདག་གིས་ནི། །སྙན་ངག་རྣམས་ཀྱི་མཚན་ཉིད་བྱ། །ཞེས་འབྱུང་བ་ལས་རྒྱ་གར་གྱི་བསྟན་བཅོས་སྔ་མ་དག་ཚིག་རྒྱན་གྱི་སྦྱོར་ཚུལ་གཞུང་འདིར་བསྡུས་པས་ན་རྗེ་ཙོང་ཁ་པས་སྙན་ངག་ལ་ཡང་རྒྱ་གར་གྱི་སྙན་ངག་བསྟན་བཅོས་ཀྱི་ཤུགས་རྐྱེན་ཡང་ངེས་པར་ཐེབས་ཡོད། ཚིག་རྒྱན་སྙན་ངག་གི་གཞུང་《མེ་ལོང་མ།》འདི་ཉིད་ཆེས་ཐོག་མར་ས་པཎ་གྱི་མཁས་མཇུག་ཏུ་ཐོར་བུ་ཞིག་བསྒྱུར་བ་ཀུན་གྱིས་ཤེས་གསལ་ཡིན་མོད། ཡིན་ན་ཡང་ས་པཎ་གྱིས་ཡོངས་སུ་མ་བསྒྱུར་བའི་རྒྱུ་མཚན་ནི་སྣམ་བུའི་ཐགས་ལ་ཟ་འོག་གི་རི་མོའི་དཔེ་ཙམ་ལ་ངོས་འཛིན་བྱེད། དུས་ཕྱིའི་ཚིག་རྒྱན་སྙན་ངག་གི་གཞུང་ལུགས་འདིའི་ཤུགས་རྐྱེན་དང་འཕེལ་རྒྱས་ཀྱི་ཆ་ནས་བལྟས་ན་དེ་ཙམ་སྒྲུབ་བྱེད་དམ་རྒྱུ་མཚན་ཤིག་ཏུ་གཏན་ནས་འགྲོ་ཐབས་མེད་པ་རེད། དེང་དུས་རྩོམ་རིག་གི་སྡེ་རུ་སྙན་དངགས་《མེ་ལོང་མ།》ནི་ལོ་ངོ་སྟོང་ཕྲག་གཅིག་ལྷག་གི་སྔོན་དུ་བྱུང་བའི་རྒྱ་གར་གྱི་སྙན་ངག་གི་གཞུང་ལུགས་གང་དེས་བོད་རང་གི་ཡུལ་སྲོལ་གོམས་གཤིས་དང་རིག་གནས་ཀྱི་ལྟ་བ་གང་ཡང་མཚོན་མ་ཐུབ་པས་དེ་དང་དེའི་ལུགས་སུ་བྲིས་པའི་སྙན་ངག་ལ་དོན་སྙིང་གང་ཡང་མེད་པར་བཤད་མཁན་ཡང་འདུག དེ་ལ་ཡང་ལོ་རྒྱུས་ཀྱི་ཆ་ནས་བདེན་པ་ཡོད་ཀྱང་ང་ཚོས་ངེས་པར་དུ་ཁས་ལེན་དགོས་པ་ནི་སྙན་དངགས་《མེ་ལོང་མ།》བོད་དུ་དར་ནས་ལོ་ངོ་སྟོང་ཕྲག་གཅིག་དང་ཕྱེད་ལྷག་འདས་ན་ཡང་བོད་རང་ལ་བོད་རང་གི་ཡུལ་གོམས་དང་མཐུན་པའི་ཚིག་རྒྱན་གྱི་གཞུང་ལུགས་ཤིག་བྱུང་མ་ཐུབ་པ་དེ་རེད། སྙན་དངགས་《མེ་ལོང་མ། 》ནི་ཚིག་རྒྱན་གྱི་སྦྱོར་ཚུལ་སྟོན་པའི་གཞུང་ལུགས་ཤིག་ཡིན་ཡང་བོད་ལ་དེའི་ནང་དུ་མ་འདུས་པའི་ཚིག་རྒྱན་གྱི་སྦྱོར་ཚུལ་ཡོད་པ་དང་། བོད་རང་གི་ཡུལ་གོམས་དང་ཉེ་བའི་ཚིག་རྒྱན་གྱི་གཞུང་ལུགས་ཤིག་ཡོད་འོས་པ་ནི་ས་པཎ་གྱིས་སྙན་དངགས 《མེ་ལོང་མ།》བོད་ལ་ཡོངས་སུ་མ་བསྒྱུར་བའི་སྒྲུབ་བྱེད་དུ་འགྲོ་བ་དང་། ཕྱིས་ཀྱི་རྗེ་ཙོང་ཁ་པ་སོགས་ཀྱིས་སྙན་དངགས་《མེ་ལོང་མ།》ཡི་ལུགས་སུ་རྨད་དུ་བྱུང་བའི་ཚིག་རྒྱན་གྱི་སྙན་ངག་མང་དུ་མཛད་པ་ཡོད་པ་ལས་གཞུང་ལུགས་འདིའི་དགེ་མཚན་ཡང་ཡོངས་སུ་མཐོང་ཐུབ་པ་རེད། རྗེ་ཙོང་ཁ་པའི་སྐུ་ཚེའི་མཛད་རྣམ་གྱི་ལོ་རྒྱུས་ཀྱི་ཆ་ནས་དཔྱད་ན་《རྗེ་ཙོང་ཁ་པའི་རྣམ་ཐར་ཐུབ་བསྟན་ལྷུན་པོའི་མཛེས་པའི་རྒྱན་གཅིག་ངོ་མཚར་ནོར་བུའི་ཕྲེང་བ།》ལས་སྙན་དངགས་མེ་ལོང་མ་སོགས་གཞུང་ལུགས་རྣམས་ལ་གསན་སྦྱོང་མཛད་པས་ཤིན་ཏུ་མཁས་པར་གྱུར་ནས། དེ་དུས་དབྱངས་ཅན་མ་ལ་བསྟོད་པ་པདྨའི་བཞིན་ལ་གཡོ་ལྡན་བུང་བའི་མིག། ཅེས་སོགས་མཛད་པས་རྒྱན་གྱི་ཉམས་འཆར་ཅེས་གྲགས་སོ། །ཞེས་དང་། 《རྗེའི་རྣམ་ཐར་ལེགས་བཤད་ཀུན་འདུས།》སོགས་སུ་དགུང་ལོ་ཉེར་གཉིས་སྟེང་ལོ་ཆེན་ནམ་མཁའ་བཟང་པོའི་མདུན་ནས་སྙན་ངག་མེ་ལོང་གི་གཞུང་སོགས་ལ་གསན་ཏེ་སྙན་ངག་རྩོམ་པར་ཤིན་ཏུ་མཁས་པར་གྱུར་པར་བཞེད་ཅིང་། དུས་སྐབས་དེ་ནས་བཟུང་སྙན་ངག་གི་ཚིག་རྒྱན་ལ་ཡོངས་སུ་མངའ་བརྙེས་ནས། སྒྲ་རྒྱན་དང་བསྐོར་བའི་རྒྱན། ཟུང་ལྡན་གྱི་རྒྱན་སོགས་བྱ་དཀའ་བའི་སྙན་ངག་གི་རྒྱན་དུ་མ་སྦྱར་ཏེ་སྙན་ངག་མང་དུ་བརྩམས་པ་དང་། གནའ་དེང་གི་མཁས་པ་དག་གིས་ཁོང་གི་སྙན་ངག་གི་རྩོམ་གཤིས་རྒྱ་གར་ལྷོ་པའི་ལུགས་ལྟར་ཁ་ལྷོད་པའི་ཁྱད་ཆོས་ཀྱིས་ཀུན་ནས་ཕྱུག་འདུག་པར་བཞེད་པའང་སྙན་ངག་མེ་ལོང་མའི་ལུགས་གཞིར་བྱས་པ་ཡིན། སྙན་དངགས《མེ་ལོང་མ།》ནི་བོད་ཀྱི་ཚིག་རྒྱན་གྱི་བསྟན་བཅོས་ལས་སྙན་ངག་གི་བསྟན་བཅོས་མིན་པས་ཚིག་རྒྱན་གྱི་སྦྱོར་བའི་སྟེང་གི་ཁྱད་ཆོས་གང་མང་ཞིག་གཞུང་ལུགས་འདི་ཉིད་ལས་བྱུང་བ་ཡིན། བོད་ཀྱི་སྲོལ་རྒྱུན་མཁས་དབང་དག་གིས་བསྟོད་རྩོམ་སྙན་ངག་གྲངས་འབོར་ཟིན་པ་ཞིག་བརྩམས་ཡོད་པ་དག་ཀྱང་སྙན་ངག་གི་བསྟན་བཅོས་《མེ་ལོང་མ།》ཡི་ལུགས་སུ་བྱས་ཏེ་བརྩམས་ཡོད་མོད། ཚིག་རྒྱན་གྱི་སྦྱོར་བའི་སྟེང་རྗེ་ཙོང་ཁ་པའི་བསྟོད་རྩོམ་སྙན་ངག་གི་ཁྱད་ཆོས་ལྟ་བུ་ཐོན་ཧ་ཅང་ཉུང་མཐའ་ཅན་དུ་གྱུར་འདུག རྩོམ་རིག་ལོ་རྒྱུས་ཀྱི་ཆ་ནས་དཔྱད་ན་སྐུ་ཞབས་རང་གྲོལ་ལགས་ཀྱིས་བོད་ཀྱི་རྒྱལ་རབས་ཞེ་གཉིས་པ་འུ་དུམ་བཙན་པོ་ཕྱི་ལོ་842ནས་བོད་ཀྱི་མཁས་པའི་གཙུག་རྒྱན་རྗེ་ཙོང་ཁ་པ་སྤྱི་ལོ་1419སྐུ་མྱ་ངན་ལས་འདས་པའི་བར་དུ་ཉེ་རབས་རྩོམ་རིག་གི་དབྱེ་མཚམས་ལ་ངོས་བཟུང་ཡོད་པ་རེད། ཁོང་གི་སྙན་ངག་གི་རྒྱན་མང་ཆེ་བ་སྙན་ངག་མེ་ལོང་མར་རྟག་ཏུ་མཐོང་བ་དག་ཡིན་མོད། འོན་ཀྱང་སྙན་ངག་གི་ཚིག་རྒྱན་སྦྱོར་སྟངས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོངས་སུ་ཚང་འདུག་པ་རེད། སོགས་རྩོམ་རིག་ལོ་རྒྱུས་ཀྱི་ཆ་ནས་ཁོང་གི་བསྟོད་ཆེན་བཞིས་མཚོན་པའི་སྙན་ངག་གི་ཐུན་མིན་གྱི་ཚིག་རྒྱན་གྱི་སྦྱོར་བ་དང་རྩོམ་སྟངས་ཀྱི་ཁྱད་ཆོས་དང་སྒྱུ་རྩལ་གྱི་རང་བཞིན་གྱིས་བོད་ཀྱི་རྩོམ་རིག་དར་འཕེལ་ལ་ཤུགས་རྐྱེན་ཡོད་པ་མངོན་གསལ་དུ་གསལ་བཤད་ཡོད་པའང་དོན་ལ་གནས་པ་རེད། རྗེ་ཙོང་ཁ་པ་ཆེན་པོའི་དུས་སྐབས་ནི་བོད་ཀྱི་སྙན་ངག་སྤྱིའི་ཆ་ནས་བཤད་ནའང་དར་འཕེལ་ངེས་ཅན་བྱུང་བའི་སྐབས་ཡིན་པ་དང་། སྙན་དངགས་ཀྱི་གཞུང་ལུགས་དང་རྩོམ་རིག་གི་བརྩམས་ཆོས་མི་ཉུང་བ་ཞིག་ཀྱང་དུས་སྐབས་འདིར་བྱུང་བ་རེད། སྤྱིར་རྗེ་ཙོང་ཁ་པ་ཆེན་པོས་རྨད་དུ་བྱུང་བའི་རྩོམ་རིག་གི་བརྩམས་ཆོས་《བསྟོད་ཆེན་བཞི།》ས་མཚོན་པའི་སྙན་ངག་དང་། 《རྟག་ཏུ་ངུའི་རྟོགས་བརྗོད།》དང་《གྲགས་པ་བྱང་ཆུབ་ཀྱི་རྣམ་ཐར།》 《དབྱངས་ཅན་མའི་བསྟོད་པ།》སོགས་བརྩམས་ནས་སྙན་ངག་གམ་རྩོམ་རིག་གི་ཆ་ལ་ཕྱག་རྗེས་བསྙོན་མེད་དུ་བཞག་ཡོད་པ་ཡིན་མོད། འོན་ཀྱང་རྩོམ་རིག་གི་དུས་རབས་ཀྱི་དབྱེ་མཚམས་འབྱེད་པའི་རྩོམ་རིག་གི་གཞུང་ལུགས་ཆེད་དུ་བརྩམས་ཡོད་པ་མི་སྣང་ཞིང་། དེ་དུས་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་གི་རང་བཞིན་ལ་སྤྱིའི་ཆ་ནས་འཕོ་འགྱུར་བྱུང་མེད་པ་སྔ་ཕྱིའི་བསྟན་བཅོས་དག་ལས་ཤེས་ཐུབ་པ་རེད། དེ་བས་རྗེ་ཙོང་ཁ་པའི་བརྩམས་ཆོས་ཀྱི་ཁྱད་ཆོས་ཁོ་ནའི་ངོས་ནས་རྩོམ་རིག་འཕེལ་རྒྱས་ཀྱི་དབྱེ་མཚམས་འབྱེད་པ་འཐད་ལྡན་དུ་མི་འགྱུར་ཡང་། ཁོང་གི་སྙན་ངག་ནི་དུས་རབས་ཀྱི་སྔ་ཕྱིའི་བར་མཚམས་གང་ནས་བལྟས་ན་ཡང་ཚིག་རྒྱན་གྱི་ཆ་ནས་ཐུན་མོང་མིན་པ་ཞིག་ཆགས་ཡོད་པ་རེད།
        གོང་དུ་བརྗོད་ཟིན་པ་ལྟར་དུ་《མེ་ལོང་མ།》བོད་དུ་འགྱུར་བ་དང་རྒྱ་གར་གྱི་སྙན་ངག་གི་ཡོན་ཏན་ཕྱོགས་མི་མཚུངས་པ་གཉིས་ལ་གཞི་བྱས་ཏེ་བོད་ཀྱི་དུས་རབས་རིམ་བྱོན་གྱི་སྙན་ངག་མཁན་དག་གིས་མཛད་པའི་སྙན་ངག་ལའང་ཚད་མི་འདྲ་བའི་ཤུགས་རྐྱེན་དང་རྩོམ་གཤིས་ཀྱི་ཁ་སྟོབས་ཤིག་ངང་ངམ་ཤུགས་ཀྱིས་གྲུབ་ཡོད་པ་དང་། རྗེ་ཙོང་ཁ་པའི་སྙན་ངག་གི་ཚིག་རྒྱན་སྦྱོར་སྟངས་ཀྱི་ཁྱད་ཆོས་ནི་སྙན་དངགས་《མེ་ལོང་མ།》དང་འབྲེལ་བ་ནས་རྒྱ་གར་གྱི་སྙན་ངག་བསྟན་བཅོས་ཀྱི་ཤུགས་རྐྱེན་འོག་བྱུང་བ་ཞིག་ཡིན་པས། སྙན་ངག་གི་གཞུང་ལུགས་འདི་ཉིད་བོད་དུ་འགྱུར་བའི་དགེ་མཚན་དང་དེའི་རིན་ཐང་ལ་ཡང་ངེས་ཤེས་གསལ་པོ་འབྱུང་དགོས་པ་རེད།
        སྙན་དངགས་ཀྱི་བསྟན་བཅོས《མེ་ལོང་མ།》དང་《མེ་ལོང་མ།》སོགས་བོད་ལ་མ་འགྱུར་གོང་དུ་མཁས་དབང་ས་སྐྱ་པཎྜི་ཏས་མཛད་པའི་《མེ་ལོང་མ།》ནང་དུ་འདི་སྐད་དུ་གསུང་སྟེ། ཚིག་སྡུད་དང་སྡེབ་སྦྱོར་ལྕི་ཡང་གི་སྒྲ། ངལ་གསོའི་སྡོད་མཚམས་དང་སྦྱར་བའི་རྒྱན་ཕལ་ཆེར་དང་། སྒྲ་རྒྱན་གྱི་བྱ་དཀའ་བ་སོགས་ནི་སྣམ་བུའི་ཐག་ལ་ཟ་འོག་གི་རི་མོ་ལྟར་བོད་སྐད་དུ་སྦྱོར་མི་གཏུབ། ཅེས་པ་ནི་མེ་ལོང་མ་སོགས་མ་འགྱུར་བའི་དུས་སུ་ངེས་པར་དེ་འདྲ་ཞིག་ཡིན་ངེས་ཀྱང་། དུས་ཕྱིས་ཤོང་དཔང་ཡབ་སྲས་ཀྱི་སྐུ་དྲིན་ལས་རིམ་གྱིས་སྙན་ངག་གི་འཕེལ་རྒྱས་རྒྱ་ཇེ་ཆེར་བྱུང་བར་བརྟེན་བྱ་དཀའ་བའི་ཚིག་གི་རྒྱན་རྣམས་ཀྱང་བོད་ཡིག་གི་ཚིག་གི་སྟེང་ནས་རྒྱ་གར་གྱི་དེ་འདྲ་ཞིག་མིན་རུང་། རྗེ་ཙོང་ཁ་པ་ཡབ་སྲས་ནས་བཟུང་གྲུབ་མཐའ་སོ་སོའི་མཁས་པ་རིམ་བྱོན་ངག་གི་དབང་ཕྱུག་ཏུ་གྱུར་བ་རྣམས་ཀྱིས་བརྩམས་པའི་བཀའ་རྩོམ་ཆེས་ངོ་མཚར་པ་ད་ལྟ་མཇལ་དུ་ཡོད་པ་དེ་དག་ནི་སྣམ་བུའི་ཐགས་སུ་མ་ཟད་དར་གོས་ཀྱི་ཐགས་སུ་ཟ་འོག་གི་རི་མོ་ཅི་འདོད་དུ་ཕབ་པ་ལྟར་དུ་སྣང་ངོ་། །ཞེས་པ་བཞིན་དུ་རྗེ་ཙོང་ཁ་པ་ཆེན་པོའི་སྙན་ངག་གི་ཡོན་ཏན་ཆེན་པོ་དེ་ཉིད་ཕྱིས་བྱུང་སྙན་འགྲེལ་དག་ལས་སྙན་ངག་གི་ས་མཚམས་གལ་ཆེན་ཞིག་ཏུ་ངོས་བཟུང་ཡོད་པ་དང་། རྩོམ་རིག་གི་གཞུང་ལུགས་སྟེང་དུ་བརྩམས་ཆོས་ཀྱི་དབྱེ་མཚམས་ཞིག་ཏུ་ངོས་འཛིན་གནང་བའང་འདུག སྙན་དངགས་《མེ་ལོང་མ།》ཡི་གཞུང་ལུགས་བོད་དུ་དར་བ་དང་བསྟུན་ནས་བོད་ཀྱི་སྙན་ངག་གི་བརྗོད་དོན་དང་ཚིག་རྒྱན་གྱི་སྦྱོར་སྟངས་སོགས་གང་གི་ཐད་ནས་ཀྱང་ཕུན་སུམ་ཚོགས་པར་གྱུར་ཏེ་དཔྱད་ཞིབ་ཀྱི་རྩལ་གྱི་མི་ནུས་པའི་སྙན་ངག་གྲགས་ཆེན་མང་དུ་བརྩམས་གནང་མཛད་ཅིང་། ཐུན་མོང་མ་ཡིན་པའི་སྙན་ངག་གི་མཛད་སྤྱོད་གང་དེས་ཕྱི་རབས་སྙན་ངག་ལ་འཇུག་མཁན་གང་མང་གི་བློ་ཁ་ཡོངས་སུ་ཕྱེས་ཤིང་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་། སྙན་ངག་གི་ཡོན་ཏན་རྨད་དུ་བྱུང་བ་གང་མང་གི་ཚིག་དོན་གཉིས་ཀྱི་དཔྱད་པ་ལྷུར་བླངས་ཏེ། དེའི་ཡོན་ཏན་དང་ཤུགས་རྐྱེན་གང་ནུས་ཀྱིས་བསྔགས་པ་ནི་རྩོམ་རིག་ལ་འཇུག་མཁན་གང་ཇི་སྙེད་ཀྱི་ཕྲག་ཏུ་བབས་པའི་འོས་འགན་གཞོལ་ཏུ་མེད་པ་ཡིན་པར་མ་ཟད། བོད་ཀྱི་རྩོམ་རིག་གི་དཔལ་ཡོན་ཕྱོགས་ཀུན་ཏུ་འདྲེན་པའི་སྐྱ་རེངས་ཀྱི་ཕོ་ཉ་གསར་པའང་ཡིན་པས། བོད་ཀྱི་སྙན་ངག་གི་བསྟན་བཅོས་ཁྲོད་དུ་ཁྱད་ཆོས་མངོན་པར་འཕགས་པའི་རྗེའི་སྙན་ངག་ལ་ཀློག་འགྲེལ་དང་འབྲེལ་བསྟོད་ཆེན་བཞིའི་ཚིག་རྒྱན་སྦྱོར་སྟངས་ཀྱི་ཁྱད་ཆོས་ལ་ཅུང་ཟད་དཔྱད་པའོ། ། 
        2017ལོའི་《ཁ་བཏགས་དཀར་པོ།》ལས་བཤུས། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1