བོད་ཀྱི་བྲིས་རྒྱུན་ཁག་གི་ཐང་ག་རྩེར་སོན་དང་། གླིང་སྒྲུང་། ལྷ་མོ་སོགས་དངོས་མིན་རིག་གནས་ཤུལ་བཞག་མང་པོ་ཞིག་གི་སྨྱན་བྱད་དཔྱད་གཞི་ཆ་ཚང་ཞིག་འཆར་གཞི་ལྟར་གྲངས་གཞིའི་མཛོད་ནང་ཕབ་འཇུག་བྱས་པ་དང་འབྲེལ་སྤྱི་དམངས་ལ་རིན་པ་མི་དགོས་པ་སྒོ་མོ་ཕྱེ་ནས་ཐོན་ཁུངས་མཉམ་སྤྱོད་བྱེད་དུ་འཇུག་རྒྱུ་ཡིན་ཞེས་བོད་རང་སྐྱོང་ལྗོངས་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལྟེ་གནས་ཀྱི་འགན་ཁུར་བ་ངག་དབང་བསྟན་འཛིན་གྱིས་གསར་འགོད་པར་དེ་ལྟར་བརྗོད་པ་རེད། བོད་ལ་རིག་གནས་ཀྱི་ནང་དོན་ཟབ་མོ་དང་ཁྱད་ཆོས་ཟབ་མོ་ལྡན་པའི་ཁར་དངོས་མིན་རིག་གནས་ཤུལ་བཞག་ནི་དེའི་ནང་གི་གྲུབ་ཆ་གལ་ཆེན་ཞིག་རེད། བོད་ཀྱི་དངོས་མིན་རིག་གནས་ཤུལ་བཞག་དེ་ཉིད་གསོན་ཉམས་དོད་པའི་སྒོ་ནས་དམངས་ཁྲོད་དུ་གནས་ཡོད།
2013ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱིས་གཞི་ཁྱོན་ཆེན་པོས་དངོས་མིན་རིག་གནས་ཤུལ་བཞག་གི་གྲངས་འཛིན་ཅན་གྱི་སྲུང་སྐྱོབ་ལས་དོན་སྤེལ་འགོ་བཙུགས་པས་སྟོངས་ཉེར་ཡོད་པའི་སྲོལ་རྒྱུན་རིག་གནས་ཤུལ་བཞག་མང་དག་ཅིག་སླར་ཡང་གནས་ཐུབ་པ་བྱུང་ཡོད། ངག་དབང་བསྟན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཆབ་མདོའི་སྐོར་བྲོ་དང་། སྨར་ཁམས་ཀྱི་པི་ཝང་། སྟེང་ཆེན་གྱི་རས་པ། བྱམས་པ་གླིང་དགོན་པའི་མར་ཚོན་མཆོད་པའི་བཟོ་རྩལ་བཅས་མིག་སྔར་ཀྲུང་གོའི་དངོས་མིན་རིག་གནས་ཤུལ་བཞག་གི་གྲངས་འཛིན་ཅན་གྱི་སྲུང་སྐྱོབ་འདུ་འགོད་ནང་བཅུག་ཡོད། ས་གནས་དེ་གའི་རིག་གནས་སྡེ་ཚན་གྱིས་དངོས་མིན་རིག་གནས་ཤུལ་བཞག་གི་གྲངས་འཛིན་ཅན་གྱི་སྲུང་སྐྱོབ་སྒྲིག་ཆས་མཉེན་རིགས་སྒྲིག་སྦྱོར་བྱས་ཏེ་དངོས་མིན་རིག་གནས་ཤུལ་བཞག་རྣམ་གྲངས་དེ་དག་གི་ཡི་གེ་དང་། པར་རིས། སྒྲ་བརྙན་འགུལ་ཚད། ཚད་གསུམ་འགུལ་རིས་སོགས་ཀྱི་དཔྱད་གཞི་ཞིབ་ཆ་བསྡུ་བཀོད་བྱས་ནས་ཕྱོགས་ཡོངས་ནས་དེའི་གཞི་རྒྱུའི་རྣམ་པའི་ཆ་འཕྲིན་མཁོ་འདོན་བྱས་ཡོད།