༄༅།། འབར་ཁམས་རྒྱལ་རོང་གི་སྐད་དང་རྔ་བའི་འབྲོག་སྐད་གཉིས་ཀྱི་འབྲེལ་བ་རགས་ཙམ་གླེང་བ།

མགོན་པོ་ཚེ་བརྟན་གྱིས་བྲིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 03-15


        དེ་ཡང་《གངས་རྒྱལ་ཏི་སེའི་དཀར་ཆག》ཞེས་པ་ལས། གངས་ཀྱི་རྒྱལ་པོ་ཏི་སེ་ཞེས་བྱ་བ། །ཆུ་བོ་བཞི་ཡང་དེ་ཡི་རྨང་ནས་འབབ། །ལན་གསུམ་བསྐོར་ན་མཚམས་མེད་ལྔ་ཡང་དག །གཏན་ཚིགས་དེའི་ཕྱིར་གངས་ཀྱི་རྒྱལ་པོ་ཞེས། །ཐོག་མར་ཞང་ཞུང་སྒོ་ཕུག་བར་གསུམ་ཞེས། །ཕུག་ཏེ་ཞང་ཞུང་རྒྱལ་གཤེན་བཅོ་བརྒྱད་དེ། །བར་ལ་དབུས་གཙང་ལྷོ་བྱང་ཀུན་ཏུ་ཤེས། །སྒོ་དེ་སུམ་པ་གླིང་གི་གྱིམ་ཤོད་དུ། །སྦས་པའི་ཤོད་ཆེན་བཅོ་བརྒྱད་རྒྱལ་མོ་རོང་། །ས་ཀུན་ཞང་ཞུང་མི་རྣམས་ཞང་ཞུང་གྲགས། །ཞེས་པའི་ཚིག་འདིས་ཤར་རྒྱལ་མོ་ཚ་བ་རོང་དེ་ཡ་ཐོག་གི་དུས་ནས་ཞང་ཞུང་གི་མངའ་ཁོངས་སུ་གཏོགས་ཡོད་པ་གསལ་པོ་ཤེས་ཐུབ།

དང་པོ། འབར་ཁམས་རྒྱལ་རོང་གི་སྐད་བཤད་པ།

1. འབར་ཁམས་རྒྱལ་རོང་གི་སྐད་དང་འབྲེལ་བའི་ཡུལ་སྲོལ་གོམས་གཤིས་གླེང་བ།
        དེ་ཡང་སྤྱིར་སྐད་ཡིག་དང་ཆོས་ལུགས་གང་འདྲ་ཞིག་ཡིན་རུང་མི་རིགས་དེ་དང་མ་འབྲེལ་བའི་སྐད་ཡིག་དང་ཆོས་ལུགས་ཅིག་གཏན་ནས་ཡོད་མི་སྲིད། ལྷག་པར་དུ་ལོ་ངོ་བརྒྱ་སྟོང་རིང་ཕྱི་ནང་གང་དུའང་རྒྱལ་མོ་རོང་གི་མི་རྣམས་ནི་བོད་རིགས་ཡིན་མིན་སྐོར་ལ་ལབ་གླེང་ཙམ་བྱུང་མྱོང་མེད་ཀྱང་། བར་སྐབས་ཤིག་ནས་དགོས་པ་དང་དགོངས་གཞི་ཅི་འདྲ་ཞིག་ཡོད་མེད་མི་ཤེས་ཀྱང་མཁས་མིང་འཛིན་པ་རེ་འགས་རྒྱལ་རོང་བ་རྣམས་ནི་ཧ་ལམ་བོད་རིགས་མིན་པར་མི་རིགས་གཞན་ཞིག་ཡིན་ཚུལ་གྱི་གླེང་ཕྱོགས་བྱུང་ལ། གོ་ཐོས་སུ་མཁས་པ་དེ་ཚོས་རྒྱལ་རོང་གི་ཡུལ་སྐད་དང་བོད་ཀྱི་སྤྱི་སྐད་གཉིས་གཏན་ནས་མི་མཁྱེན་ནའང་རྒྱལ་རོང་གི་ཡུལ་སྐད་དང་བོད་ཀྱི་སྤྱི་སྐད་གཉིས་ཅུང་ཟད་མི་འདྲ་བ་ཙམ་གོ་ཐོས་སུ་བྱུང་བ་དེ་རྒྱུ་མཚན་དུ་བཀོད་དེ་ཁ་གཡར་ས་ཙམ་ཞིག་བྱེད་པ་ལས་གཞན་རྒྱུ་མཚན་དང་ལུང་རིགས་གང་ཡང་དྲངས་རྒྱུ་མེད། དེ་ཡང་སྐད་བརྡ་མ་འཕྲོད་པ་ཙམ་གྱི་མི་རིགས་ཐ་དད་འདོད་པ་ནི་བྱིས་བློ་ཙམ་དང་མི་རིགས་གང་དེའི་སྐད་དང་ཡི་གེ ཆོས་ལུགས་དད་མོས། ཡུལ་སྲོལ་གོམས་གཤིས་སོགས་ལ་ཆ་རྒྱུས་དང་ཞིབ་འཇུག་མེད་པའི་ཧོལ་གཏམ་ཙམ་དུ་འདོད། ཡང་གཅིག་བཤད་ན། བོད་རིགས་ལ་ཆ་རྒྱུས་ཡོད་པའི་མི་སུ་ཞིག་ཡིན་རུང་རྒྱལ་མོ་རོང་དུ་སོང་ན། དེ་གའི་མི་དམངས་ཚོའི་བཟའ་བཏུང་གཙོ་བོ་མར་དང་། རྩམ་པ། ནོར་ལུག་གི་ཤ བཏུང་བྱ་གཙོ་བོ་ནས་ཆང་སོགས་ཡིན་པ་དང་། ཞྭ་གོས་ལྷམ་སོགས་གྱོན་ཆས་རིགས་དང་། གཡུ་བྱུར་སྤོས་ཤེལ་གསེར་དངུལ་སོགས་ལུས་ཀྱི་རྒྱན་ཆ་དང་། དུས་ཆེན་གྱི་སྐབས་ཕོ་མོ་རྒན་གཞོན་མེད་པར་གཟབ་སྤྲོས་དང་བཅས་མཉམ་དུ་འཛོམས་ཤིང་ཐང་དཀྱིལ་དུ་ནས་ཆང་རྫ་མ་མང་པོའི་ཁར་ཁ་བཏགས་ཀྱི་དཀྲིས་ཤིང་། ནང་དུ་སོག་མ་ཁ་ཤས་བཅུག་ཅིང་ཆང་མཆོད་ཀྱི་བཤད་པ་དང་ཕོ་མོ་རྒན་གཞོན་གྱི་ལག་རྡང་སྦྲེལ་དེ་སྐོར་བྲོ་འཁྲབ་ཞོར་དང་ཆང་འཐུང་ཞོར་བྱེད་པ་སོགས་རྒྱལ་རོང་མ་ཡིན་པའི་བོད་ཀྱི་ས་ཁུལ་གཞན་དག་ན་ཡང་ཧ་ཅང་རྒྱུགས་ཆེ་ཞིང་། གཞན་མི་ཤི་རྗེས་སུ་ཨ་མཆོད་རྟེན་པ་དང་། མཆོད་མེ་སྒྲོན་པ། ཇོ་དར་འཐེན་པ་སོགས་ཆོས་ལུགས་ཀྱི་ཆོ་ག་སྒྲུབ་སྟེང་ལའང་བོད་ཁུལ་གཞན་དང་མི་མཐུན་པ་མེད། དེ་ལས་གཞན་རྒྱལ་རོང་གི་མི་རྣམས་ཀྱི་གདོང་དབྱིབས་ཆགས་ཚུལ་སོགས་མགོ་ལུས་ཕུང་གསུམ་གང་ལ་བལྟས་ཀྱང་བོད་རིགས་ཡིན་མིན་ལ་ཐེ་ཚོམ་ཟ་དགོས་པའི་གནས་སུ་གཏན་ནས་འགྱུར་མེད་ལ་མཁས་དབང་ཆེན་མོ་ཉན་ཤུལ་མཁྱེན་རབ་འོད་གསལ་དང་བཙན་ལྷ་ངག་དབང་ཚུལ་ཁྲིམས་སོགས་ཀྱིས་མགྲིན་གཅིག་དུ་འདོད་ཚུལ་དང་དགོངས་པ་སོགས་མཐུན་པར་བསྟན་ཡོད།
2.འབར་ཁམས་རྒྱལ་རོང་སྐད་ཀྱི་གྲུབ་ཚུལ་དང་གོ་བདེའི་ཁྱད་ཆོས་གླེང་བ།
        སྤྱིར་བོད་སྤྱིའི་སྐད་ཀྱི་དབྱེ་བ་ལས་འབར་ཁམས་རྒྱལ་རོང་གི་སྐད་དང་རྔ་བའི་འབྲོག་སྐད་གང་ཡིན་ཀྱང་། རང་ཉིད་ལ་གྲུབ་ཚུལ་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་གསལ་ཐག་ཆོད་པ་རེ་ཡོད་ནི་གདོན་ཟ་མི་དགོས་དེ། དེ་ཡང་སྤྱི་ཚོགས་རྙིང་བའི་སྐབས་སུ་འགྲིམ་འགྲུལ་སོགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་པའི་སྟབས་ཀྱི་ཞིང་སྡེ་མི་འདྲ་བ་དང་ཡུལ་ལུང་མི་འདྲ་བ་རྣམས་སུ་སྐད་ཀྱི་ཁྱད་པར་སྣ་ཚོགས་ཡོད་པས། སྒྲ་གདངས་འདོན་ཚུལ་སོགས་ལ་ཁྱད་པར་བྱུང་ནས་ཡུལ་སྐད་དང་ལུང་སྐད་མང་པོར་གྱུར་སོང་བ་དོན་དངོས་དང་མཐུན་པར་འདོད་མོད། འོན་ཀྱང་དེའི་དོན་ནི་མིང་ཚིག་ཉུང་ཤས་ཀྱི་སྒྲ་གདངས་འགའ་ཅུང་ཟད་འགྱུར་སོང་བའི་གནད་དོན་རེ་མ་གཏོགས་བོད་མི་རིགས་ཀྱི་སྐད་དེ་གཞན་མི་རིགས་ཤིག་གམ་རྒྱལ་ཁབ་ཤིག་གི་སྐད་རིགས་སུ་འགྱུར་སོང་བ་གཏན་ནས་མིན། དེ་ལ་དཔེ་བརྗོད་ཞིག་བཞག་ན་སྔོན་ཆད་གསང་སྔགས་རྙིང་མའི་གདན་ས་རྡོར་སྨིན་དཔལ་གསུམ་དང་ཀ་དཔལ་རྫོགས་གསུམ། དེ་བཞིན་དུ་སྔགས་གསར་མའི་གྲྭ་ས་ཆེན་པོ་སེ་འབྲས་དགེ་གསུམ་སོགས་དང་གཞན་ཡང་བོད་ཀྱི་གྲུབ་མཐའ་ཁག་སོ་སོའི་གྲྭ་ས་ལ་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་དཔེ་ཆ་སློབ་གཉེར་བྱེད་མཁན་དགེ་འདུན་པ་འབུམ་ཕྲག་མང་པོ་འདུས་ཡོད་པ་དེ་ཚོའི་བར་དུ་སྐད་བརྡ་མ་འཕྲོད་པར་ཕན་ཚུན་བར་དུ་ལོ་ཙཱ་བ་ཞིག་བཞག་རབས་ལོ་རྒྱུས་ཐོག་བྱུང་མེད། དེ་ཡང་རང་གི་ཉེ་འགྲམ་གྱི་དཔེ་བརྗོད་ཅིག་བཞག་ན་རང་སློབ་གྲྭའི་སི་ཁྲོན་མི་རིགས་སློབ་གྲྭ་ཆེན་མོ་བོད་ཡིག་སྡེ་ཁག་དུ་གཙང་དང་། ལྷ་ས། ཀོང་པོ། ལྷོ་ཁ། ནག་ཆུ། ཆབ་མདོ། མཚོ་སྔོན། ཀན་ལྷོ། རྔ་བ། སྡེ་དགེ འབའ་བ། རྒྱལ་རོང་སོགས་བོད་ཀྱི་ས་ཁུལ་མང་པོ་ནས་ཡོང་བའི་སློབ་མ་ཡོད་ཅིང་། ང་ཚོ་ཐོག་མར་འཕྲད་སྐབས་ཕན་ཚུན་བར་བརྡ་འཕྲོད་པར་ཅུང་དཀའ་བའི་སྣང་བ་གཏེར་རུང་ཡུན་རིང་འགོར་མི་དགོས་བར་སློབ་གྲོགས་ཕན་ཚུན་བར་བོད་སྐད་ཀྱི་ཐོག་ནས་གླེང་མོལ་ཅི་འདོད་དུ་བྱེད་ཐུབ་པ་མ་ཟད། རང་གི་སྣང་བ་རུ་བོད་ཀྱི་ཡུལ་སྐད་དེ་དག་ནི་སྔོན་ཆད་རང་གི་བཤད་མྱོང་ལ་བར་སྐངས་ཤིག་ནས་བརྗེད་སོང་བའི་སྐད་ཞིག་ཡང་བསྐྱར་བཤད་པའི་ཚོར་བ་ཞིག་ངང་ངམ་ཤུགས་ཀྱི་གཏེར་བ་ལས། མི་རིགས་གཞན་ཞིག་གི་སྐད་ཀྱི་གླེང་མོལ་བྱེད་པ་དང་གཏན་ནས་མི་འདྲ་བ་སོ་སོར་སྣང་། དེ་མ་ཟད་སློབ་གྲྭའི་དགེ་རྒན་རྣམས་ཀྱི་མདོ་དབུས་ཁམས་གསུམ་གྱི་སྐད་གང་གི་ཐོག་ནས་སློབ་ཁྲིད་བྱས་ཀྱང་ང་ཚོས་སླ་མོར་གོ་ཐུབ་པ་དང་རྟོགས་ཐུབ་པ་དེ་བཞིན་ལགས།

གཉིས། རྔ་བའི་འབྲོག་སྐད་སྐོར་རགས་ཙམ་གླེང་བ།

1.འབྲོག་སྐད་བེད་སྤྱོད་བྱེད་པའི་ས་ཁུལ་དང་རྫོང་གླེང་བ།
        སྤྱིར་ས་ཁུལ་གྱི་སྐད་དམ་ཡུལ་སྐད་ཅེས་པའི་ཆེས་གལ་ཆེ་བའི་བསྟན་དོན་ནི་ས་ཁུལ་ལམ་ཡུལ་ཁམས་ཀྱི་འགྱུར་བ་ལས་བྱུང་བའི་སྐད་ཀྱི་སྣང་ཚུལ་མི་འདྲ་བ་དེ་ཡིན་པས། རྔ་བའི་འབྲོག་ཁུལ་ཀྱི་ཡུལ་སྐད་བཤད་པ་ལ། ཐོག་མར་རྔ་བའི་འབྲོག་ཁུལ་གྱི་མངའ་ཁོངས་དག་གསལ་བོ་ཤེས་དགོས། དེར་འབྲོག་ལས་གཉེར་ཞིང་འབྲོག་སྐད་བཤད་བཞིན་པའི་རྫོང་ཁག་བཞི་ཡོད་དེ ། སོ་སོ་ནི་རྔ་བ་རྫོང་དང་ཁྱུང་མཆུ་རྫོང་། གཞན་ད་དུང་མཛོད་དགེ་རྫོང་དང་ཛམ་ཐང་རྫོང་སོགས་ཡོད་ཅིང་། མཁས་དབང་ཐུབ་བསྟན་ཕུན་ཚོགས་ཚང་གི་《བོད་རིག་པ་སྤྱི་བཤད།》ཅེས་པར་གཞིག་ན། ཕལ་ཆེར་ས་ཁུལ་གྱི་གནས་ཕྱོགས་ནི་ཤར་ཐིག་དཔག་ཚད་100དང་ཆ་ཕྲན་30དང་དཔག་ཚད་104དང་ཆ་ཕྲན་27བར་གནས་ཤིང་། བྱང་ཐིག་དཔག་ཚད་30དང་ཆ་ཕྲན་35་ནས་དཔག་ཚད་34དང་ཆ་ཕྲན་19བར་གནས་ཡོད། རྫོང་དེ་དག་གི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་གཉིས་ལྷག་ཟིན་ཡོད་ལ། མི་འབོར་འབུམ་གཅིག་ཙམ་འཚོ་སྡོད་བྱས་ཡོད་ཅིང་། ཕྱི་སྡོད་མི་སྣ་རེ་འགའ་མ་གཏོགས་ཚང་མ་བོད་མི་རྐྱང་རྐྱང་ཡིན།
2.རྔ་བའི་འབྲོག་སྐད་ཀྱི་ཁྱད་ཆོས་གླེང་བ།
        རྔ་བའི་འབྲོག་སྐད་ཅེས་གླེང་དགོས་བའི་རྒྱུ་མཚན་ཡང་གོང་གསལ་གྱི་འབྲོག་རྫོང་དག་གི་བེད་སྤྱོད་བྱེད་བཞིན་པའི་སྐད་ཡིན་ལ། སྤྱིར་འབྲོག་ཅེས་པའི་ནང་དོན་ནི་གྲོང་ཁྱེར་དང་གྲོང་སྡེ་ཆགས་མེད་པའི་ས་ཆ་སྟེ། འབྲོག་སྟོང་དང་འབྲོག་དགོན་པ་སོགས་ཟེར་སྲོལ་ཡོད་མོད། འོན་ཀྱང་འདིར་བརྗོད་བཞིན་པའི་འབྲོག་ནི་ཕྱུགས་འཚོ་སའི་རྩྭ་ས་དང་ཕྱུགས་ལས་གཙོ་བྱེད་པའི་ས་ཆའི་མིང་ལ་གོ་དགོས། དེ་བཞིན་འབྲོག་པ་ནི་ཕྱུགས་ལས་གཙོ་བྱེད་པ་ལ་བརྟེན་ནས་འཚོ་བའི་མི་ལ་ཟེར་ཞིང་། འབྲོག་སྐད་ནི་མི་དེ་དག་གི་བེད་སྤྱོད་བྱེད་བཞིན་པའི་སྐད་ལ་ཟེར་བ་ཡིན། དེ་ཡང་རང་གི་འདོད་ཚུལ་དུ་སྤྱིར་བོད་ཀྱི་སྐད་ལ་རོང་འབྲོག་གི་སྐད་ཅེས་དབྱེ་རྒྱུ་ཡོད་པ་ལས། མདོ་དབུས་ཁམས་གསུམ་གྱི་སྐད་ཅེས་དབྱེ་བ་བྱེད་པ་ལ་འཐད་པ་ཆེར་མེད། རྒྱུ་མཚན་ནི་བོད་ཀྱི་ལོ་རྒྱུས་སུ་རྒོད་གཡུང་གཉིས་དེ་དམག་མི་དང་འབངས་མི་གཉིས་འཚོ་སྡོད་བྱེད་པའི་ཁུལ་དབྱེ་བ་ལས། ལྷ་ས་ནི་གཙོ་བོ་བོད་འབངས་འཚོ་སྡོད་བྱེད་པའི་གནས་གཙོ་བོ་ཡིན་ལ། བཀོལ་སྤྱོད་བྱེད་བཞིན་པའི་སྐད་ལ་ཡང་ཞི་ཞིང་གཉོམ་པ། ཞེ་ས་མང་བའི་ཁྱད་ཆོས་མངོན་གསལ་དོད་པོའི་རང་བཞིན་ལྡན་ལ། རྔ་བ་ལ་སོགས་པའི་མཐའ་ཁུལ་ཀྱི་སྐད་ནི་སྔོན་ཆད་མཐའ་ཁུལ་སྲོང་བའི་དམག་མིའི་རྒྱུད་ནས་ཆད་པ་ཡིན་ཅིང་། བཤད་པའི་སྐད་ལ་དྲགས་ཅིང་རྩུབ་རེགས་ཆེ་བའི་ཁྱད་ཆོས་ཀྱི་ཕྱུགས་པས། དེ་སྔོན་ཆད་དམག་སྐད་ཡིན་པར་ཐེ་ཚོམ་དགོས་པའི་གནས་སུ་འགྱུར་མེད།

གསུམ། འབར་ཁམས་རྒྱ་རོང་གི་སྐད་དང་རྔ་བའི་འབྲོག་སྐད་གཉིས་ཀྱི་འབྲེལ་བ་གླེང་བ།

        སྤྱིར་བོད་སྐད་དེ་ཡང་རོང་སྐད་དང་འབྲོག་སྐད་གཉིས་སུ་དབྱེ་ཡོད་ལ། དེ་ཡང་གོང་ནས་བཤད་ཟིན་པ་བཞིན་རྒྱལ་རོང་ནི་བོད་ནས་ཆད་སྔ་ཞིང་བར་སྐབས་སུ་འབྲེལ་འདྲེས་ཧ་ཅང་ཉུང་བ་སོགས་ཀྱི་དབང་གི་བོད་བྱིངས་གི་སྐད་དང་མི་འདྲ་བར་གྱུར་པ་ནི་བོད་སྐད་ཀྱི་བརྡ་རྙིང་ཤིན་ཏུ་མང་བ་དག་སོར་གནས་དང་རང་ས་ཁོ་ན་ནས་རིམ་གྱི་འགྱུར་ཡིན་ཤས་ཆེ་བས། འབར་ཁམས་རྒྱལ་རོང་གི་སྐད་ཡང་རོང་ཆེན་གཞན་དག་གི་སྐད་ནང་བཞིན་འགྱུར་ཡོད་པ་མ་ཟད། རྔ་བའི་འབྲོག་སྐད་ནང་གི་བརྡ་གསར་རྙིང་གི་ཐ་སྙད་མང་བོ་ཞིག་དང་འབྲེལ་བ་ཡོད་ཅིང་། དེ་ཇི་ལྟར་འགྱུར་ཚུལ་སྒྲ་གདངས་དྲག་ཆེ་བའི་དབང་གི་འགྱུར་བར་མངོན་ཏེ། དཔེར་ན། མིག་ལ་དུ་རུ་མྱག ཁ་ལ་དུ་རུ་ཁ། མཆུ་ལ་དུ་རུ་མཆུ། རྣ་ལ་དུ་རུ་རྣ། སྣ་ལ་དུ་རུ་སྣ། འཛུབ་གུ་ལ་དུ་འཛུས་རོས། ལག་པ་ལ་དུ་ཡག སྐེ་ལ་དུ་རུ་ཀེ་སོགས་དང་། གཞན་ཡང་ཕག་ལ་པག་དང་ཁྱི་ལ་ཁི་ཟེར་བ་སོགས་ལྟ་བུ་ལ་ཞིབ་མོར་བརྟག་ན་སྒྲ་གདངས་གི་དྲག་ཞན་དང་ཡིག་གེའིགཟུགས་ཀྱི་འགྱུར་ཚུལ། གཞན་ད་དུང་བོད་ཀྱི་བརྡ་སྤྲོད་གྲུབ་ཚུལ་སོགས་ལ་ཞིབ་མོར་དཔྱད་ན་མ་གཞིའི་འགྱུར་གཞི་གཅིག་པ་དེ་ང་ཚོའི་ཤེས་ཐུབ། དེ་མིན་ད་དུང་འབར་ཁམས་རྒྱལ་རོང་གི་ཡུལ་སྐད་དམ་ལུང་སྐད་མང་བོ་ཞིག་ཏུ་མགོ་ཅན་སོ་སོའི་སྒྲ་གདངས་དང་། སྔོན་འཇུག་ལྔའི་སྒྲ་གདངས་སོགས་ཕན་ཚུན་མ་འདྲེས་བར་གསལ་བར་ཐོན་ཡོད་པ་དེའི་རྔ་བའི་འབྲོག་སྐད་ཀྱི་ཁ་སྐད་རང་བཞིན་དེ་མངོན་པར་མཚོན་ནུས་པའི་ཁྱད་ཆོས་འདྲ་མཚུངས་དུ་སྣང་། དཔེར་ན། རྒྱལ་རོང་སྐད་དུ་འབྲུག་སྨན་ཞེས་འབོད་སྐབས་སྨན་གྱི་ས་མགོ་དེ་གསལ་བར་ཐོན་པས་དབང་གི་མིང་དེ་རྒྱ་ཡིག་གི་བྲིས་དེ་ཀློག་དུས་དེའབྲུག་སི་སྨན་ལྟ་བུར་འགྱུར་བ་དང་། དེ་བཞིན་དུ་ཨ་སྨན་དང་ཨ་སྐྱབས་སོགས་སོ་སོར་ཨ་སི་སྨན་དང་ཨ་སི་ཅ་ལྟ་བུའི་སྒྲ་རུ་འབོད་བཞིན་ཡོད། ཡང་སི་ཏུ་པཎ་ཆེན་གྱི་ཞལ་ནས་གཞན་ཡང་བོད་ཡིག་སྡེབ་སྦྱོར་ཇི་ལྟར་སྦྱོར་བའི་ཚུལ་ནི་སྔོན་གྱི་སྐད་དག་པ་ཉིད་ལ་བརྗོད་པའི་སྒྲ་ཇི་ལྟར་སྦྱོར་འབྱུང་བ་དེ་ལྟར་མཁན་པོ་འདིས་སྦྱར་བ་ཡིན་པས་སྐད་ལ་འཕུལ་རྟེན་སོགས་ཀྱི་ཟུར་གསལ་བ་མེད་ན་ཡི་གེ་ལ་དེ་ལྟར་ཐོབ་པ་རྒྱུ་མཚན་གང་ཞིག་གིས་རྟོགས་པར་ནུས་ཞེས་པའི་དོན་ལ་ཞིབ་མོར་བརྟག་ན། དེ་ཡང་། མཁས་དབང་བཙན་ལྷ་ངག་དབང་དང་རྡོ་རྗེ་སོགས་ཀྱི་བཞག་པའི་དཔེ་བརྗོད་ལྟར་དཔེར་ན་། ས་སྐྱ་བའི་བོད་ལ་དབང་སྒྱུར་བྱེད་པའི་སྐབས་འགྲོ་མགོན་ཆོས་རྒྱལ་འཕགས་པའི་མཚན་ལ་རྒྱ་སྐད་དུ་བསྒྱུར་བར་帕思巴་ཞེས་པ་བོད་སྐད་ཀྱི་འཕགས་པ་ཞེས་པའི་ཚེག་ཁྱིམ་གཉིས་ལྡན་གྱི་མིང་སྒྲ་སྒྱུར་བྱས་པར་རྒྱ་ཡིག་ཏུ་ཡིག་འབྲུ་གསུམ་དུ་འགྱུར་བའི་རྒྱུ་མཚན་ནི་སྐབས་དེར་བོད་སྐད་ཀྱི་སྒྲ་ལ་སྔོན་འཇུག་དང་རྗེས་འཇུག་མགོ་ཅན་དང་འདོགས་ཅན་སོགས་ཀྱི་སྒྲ་གསལ་བོ་ཡོད་པ་མ་ཟད་ཡང་འཇུག་གི་སྒྲའང་གསལ་པོ་ཡོད་པ་མངོན་སུམ་གྱི་གྲུབ་པ་ཡིན། གལ་ཏེ་དེ་ལྟར་མིན་ན་དེང་སྐབས་འཕགས་པ་ཞེས་པའི་མིང་དེ་རྒྱ་ཡིག་དུ་སྒྲ་སྒྱུར་བྱེད་སྐབས་帕巴ཞེས་ཡིག་འབྲུ་གཉིས་ལས་མི་འབྱུང་བའི་རྒྱུ་མཚན་ཅི་ཞིག་ཡོད་ཅེས་དཔེ་བཀོད་པ་བཞིན་ཡར་སྔོན་གྱི་བོད་ཡིག་དང་སྔར་གྱི་བོད་སྐད་ནི་དེ་ལྟ་བུ་ཞིག་ཡིན་པ་མ་ཟད། དེའི་སྣང་ཚུལ་མང་བོ་ད་ལྟ་ཡང་བོད་ཀྱི་ས་ཁུལ་སོ་སོའི་ཡུལ་སྐད་དང་ལུང་སྐད་མང་བོའི་ནང་སྔོན་གྱི་སྒྲ་གདངས་དེ་ཁྱབ་བརྡལ་དུ་སོང་ཡོད་པ་ང་ཚོའི་བློ་ཞིབ་མོའི་དཔྱད་པ་བྱས་དེ་ཤེས་སུ་འཇུག་རུང་།
        དེ་ཡང་ཁོང་ཚོས་བོད་ཡིག་གི་འབྲི་འདེད་བྱེད་ལུགས་དང་ཀློག་སྟངས་སྐོར་ལ་དབྱངས་གསལ་དང་མགོ་ཅན་འདོགས་འདོགས་ཅན་འཕུལ་རྟེན་བཅས་ཀྱི་སྒྲ་ཟུར་ཤིན་དུ་དག་པོ་ཡོད་ཅེས་སི་ཏུའི་《 སུམ་རྟགས་འགྲེལ་ཆེན།》ནང་དུ་གསུངས་ཡོད་པ་དེ་བཞིན་དུ། མགོ་སྐྲ་ལ་ས་ཀ་ར། མཁྲིས་པ་ལ་དེ་མ་ཁ་རིས། སོགས་ད་ལྟའི་བོད་སྤྱིའི་ཡི་གེ་ལྟར་ན་སོ་སོར་འཕྲལ་ནས་འདོན་རྒྱུ་མིན་པར་ཚེག་བར་གཅིག་གི་ནང་དུ་འཕུལ་རྟེན་མགོ་འདོགས་སོགས་ཀྱི་སྒྲ་ཟུར་ཙམ་ཐོན་པ་ཞིག་ཀློག་བཞིན་ཡོད་དེ། ཡང་ཕྱིས་ཀྱི་སྐད་གསར་བཅད་ཀྱི་ཁྲོད་དུ་བསྒྱུར་བར་འདོད་དེ། རྒྱ་རོང་བོད་མིའི་སྐད་ནི་ཆེས་སྔ་མོའི་བོད་ཀྱི་སྐད་ཡིན་ཅིང་། གོང་དུ་བཤད་པ་བཞིན་ཕྱིས་སུ་འབྲེལ་འདྲེས་སོགས་ཕྱི་ནང་གི་རྒྱུ་རྐྱེན་མང་བོའི་དབང་གི་རྒྱལ་རོང་སྐད་ལ་སྐད་གསལ་བཅད་ཀྱི་ཁྲོད་བཟོ་བཅོས་མ་བྱས་པའི་སྣང་ཚུལ་དང་། བཟོ་བཅོས་བྱས་ཀྱང་ཁྱབ་བརྡལ་དུ་མ་སོང་བ་དེ་གསལ་བར་མངོན་འདུག དེ་ཡང་དཔེར་ན་དུ་སྔེ་དང་དུ་མྱག དུ་ཀེ་དང་དུ་ཛུ་རུས་སོགས་ལྟ་བུར་མཚོན་ན་སོ་སོར་བོད་སྤྱིའི་སྐད་དུ་ངོ་དང་མིག སྐེ་དང་འཛུབ་གུ་སོགས་ཀྱི་དོན་ཡིན་ཅིང་། དེ་དག་གི་མིང་ཚིག་གྲུབ་སྟངས་ཀྱི་ཁྱད་ཆོས་ཡང་བོད་ཀྱི་ཡི་གེ་ལ་ཆ་རྒྱུས་ཅུང་ཟད་ཡོད་མཁན་ཅིག་ཡིན་ན་བལྟས་བ་ཙམ་གྱི་མཐོང་ཐུབ་ལ། དེ་དག་སྔ་ཕྱིའི་མིང་ཚིག་སོ་སོའི་མིང་གཞི་ལ་འགྱུར་བ་བཏང་མེད་པ་དེར་བལྟས་ན་ཡང་དེ་དག་གི་འགྱུར་གཞི་གཅིག་པ་དེ་ཡང་བསྐྱར་བདེན་དཔང་བྱེད་ཐུབ། ། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1