གསར་འགོད་པས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་གི་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། སྨན་གླིང་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་། ཞ་མིན་ཏ་ཞ་ཀུའུ་གློག་བརྙན་བརྙན་འཕྲིན་ཚད་ཡོད་ཀུང་སི་བཅས་ཀྱིས་མཉམ་དུ་མ་དངུལ་བཏང་སྟེ་ཕབ་སྐྲུན་བྱས་པའི་གློག་བརྙན《ཧི་མ་ལ་ཡའི་རྣམ་ཤེས》ཞེས་པ་དེ2017ལོའི་འཛམ་གླིང་མི་རིགས་གློག་བརྙན་དུས་ཆེན་གྱི་མིང་ཐོའི་ནང་ཚུད། གློག་བརྙན་དེ་ནི་རང་རྒྱལ་གྱི་ལྷོ་པ་རིག་གནས་བརྗོད་བྱར་བྱས་པའི་གློག་བརྙན་ཐོག་མ་ཡིན་ལ། ཕྱོགས་ཡོངས་ནས་ལྷོ་པ་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་དང་། སྒྱུ་རྩལ། འཚོ་བའི་གོམས་གཤིས་འགྲེམ་སྟོན་བྱས་ཏེ། གློག་བརྙན་གྱི་མགོ་མཇུག་བར་གསུམ་དུ་ཉིང་ཁྲི་གྲོང་ཁྱེར་གྱི་མཛེས་ལྗོངས་རྒྱབ་ལྗོངས་སུ་བཞག་ཡོད། དེ་མིན《ཧི་མ་ལ་ཡའི་རྣམ་ཤེས།》2017ལོའི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་སུ་སྨན་གླིང་རྫོང་དུ་ཐོག་མར་གཏོང་རྒྱུ་ཡིན་པ་རེད། །