༄༅།། འཛད་སྤྱོད་པས་ཚོང་རྫས་ཉོ་སྐབས་བདེན་དཔང་གང་དག་ལེན་དགོས།

མདོ་སྡེ་རྒྱལ་དང་འབྲོང་སངས་གཉིས་ཀྱིས་བསྒྱུར་སྒྲིག་བྱས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-16


        ཚོང་རའི་སྟེང་ཚོང་རྫས་རྫུན་མ་བསྟུད་མར་ལུད་ཡོང་དུས། འཛད་སྤྱོད་པས་ཚོང་རྫས་ཉོ་བའམ་ཡང་ན་འཛད་སྤྱོད་བྱས་རྗེས་ངེས་པར་འཛད་སྤྱོད་བདེན་དཔང་ལེན་དགོས། འཛད་སྤྱོད་བདེན་དཔང་ལ་ནང་གསེས་སུ་རིགས་བཞི་ཡོད་དེ། འཕྲོད་འཛིན། ཞིག་གསོ་བྱང་བུ། ཚད་མཐུན་ལག་ཁྱེར་དང་ཐོན་རྫས་གསལ་བཤད་ཡི་གེ་བཅས་ཡིན། གཞན་འཛད་སྤྱོད་པས་གོང་གསལ་གྱི་བདེན་དཔང་འདི་དག་ས་དེ་ག་ནས་བླངས་ཏེ་ཉར་ཚགས་བྱ་དགོས། 
        འཕྲོད་འཛིན་ཞེས་པ་ནི་བཅའ་ཁྲིམས་ཀྱི་གཏན་ཁེལ་རྣམ་པའི་སྒོ་ནས་གཏན་འབེབས་བྱས་ཏེ་དངུལ་སྤྲད་པའི་ཁ་གྲངས་གསལ་བོར་བྲིས་ཡོད་པའི་དཔང་ཡིག་ཅིག་ལ་ཟེར། འཕྲོད་འཛིན་གྱི་རྣམ་པ་དང་ནང་དོན་ངེས་པར་ནུས་ལྡན་ཡིན་དགོས་ཤིང་།         འཕྲོད་འཛིན་ནི་སྲིད་འཛིན། ཁྲིམས་འཛིན་ལས་ཁུངས་དང་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་བདག་སྤྲོད་ཞུ་གཏུག་གི་གལ་ཆེའི་ཆ་རྐྱེན་ཡིན། འཕྲོད་འཛིན་གྱི་ནང་དོན་ལ་དབྱེ་ན་ཚོང་གཉེར་པ་དང་ཚོང་མགྲོན་གྱི་དངོས་མིང་། ཚོང་རྫས་ཉོས་པའི་ཉིན་དེ་གའི་དུས་ཚོད། ཚོང་རྫས་ཚད་གཞི། ཁ་གྲངས། རིན་གོང་། ཚོང་གཉེར་པའི་གཞུང་ཐེལ། ཕྱིར་འཚོང་ལས་ཁུངས་ཀྱི་ལག་འགྲིམ་མཁན་གྱི་མིང་རྟགས་སམ་ཡང་ན་གཞུང་ཐེལ་བཅས་སོ།། གལ་ཏེ་ཚོང་བདག་གིས་མཁོ་སྤྲོད་བྱས་པའི་དངུལ་འཛིན་ཚད་ལྡན་མིན་པའམ་གཞུང་ཐེལ་བརྒྱབ་མེད་ཚེ་མ་བླངས་ན་ཆོག
        ཞིག་གསོ་བྱང་བུ་ཞེས་པ་ནི་འཛད་སྤྱོད་པས་ཐོན་རྫས་ཞིག་གསོ་བྱེད་པར་སྟབས་བདེ་བཟོས་པའི་འཛིན་ཡིག་དེ་ལ་ཟེར། ཆག་སྐྱོན་ཤོར་དཀའ་བའི་ཚོང་རྫས་ཡོད་ཚད་ལ་ཟུར་ཤུན་གྱི་བྱང་བུ་དེ་ཡོད་ལ། ཐོན་རྫས་ལ་གནད་དོན་བྱུང་མ་ཐགའཛད་སྤྱོད་པ་བཟོ་གྲྭའི་དམིགས་བཙུགས་མཉམ་འབྲེལ་སྲུང་སྐྱོང་ལས་ཁུངས་སུ་སོང་སྟེ་ཞིག་གསོ་བྱ་རུ་འཇོག་དགོས་ཤིང་། ཞིག་གསོ་ལས་ཁུངས་ཀྱིས་ཞིག་གསོ་བྱང་བུའི་སྟེང་ཡང་དག་གི་ཞིག་གསོ་དུས་ཚོད། ཞིག་གསོ་ལས་གཞི། ཞིག་གསོ་བྱེད་མཁན་གྱི་མིང་བཅས་དགོད་དགོས་པ་དང་། འདི་ནི་མིག་སྔར་འཛད་སྤྱོད་པ་མི་ཉུང་བ་ཞིག་གི་ཁེ་ཕན་ལ་གནོད་འཚེ་ཐེབས་དུས་ལུགས་མཐུན་སྐྱིན་ཚབ་ཤོར་བྱེད་ཀྱི་མགོ་འཐོམས་སའི་གནད་ཅིག་རེད།
        ཚད་ལྡན་ལག་ཁྱེར་ཞེས་པ་ནི་ཚོང་རྫས་གང་ཞིག་གི་རྒྱུ་སྤུས་ཇུས་འགོད་དང་བཟོ་སྐྲུན་བྱས་པ་ཚད་ལྡན་ཡིན་མིན་ཞིབ་དཔྱད་བརྒྱུད་མཐར་བདེན་དཔང་བྱས་པའི་དཔང་ཡིག་དེ་ལ་ཟེར། ཚད་ལྡན་ལག་ཁྱེར་ནི་ཚོང་རྫས་རྒྱུ་སྤུས་ཚད་འཇལ་བྱེད་ཀྱི་གལ་ཆེའི་དཔང་ཡིག་དེ་ཡིན། ཆག་སྐྱོན་ཤོར་དཀའ་བའི་ཚོང་རྫས་གང་ཞིག་ཡིན་རུང་ཚང་མར་ཟུར་ཤུན་གྱི་དཔང་ཡིག་དེ་ཡོད། ལྷག་པར་དུ་ཁྱིམ་སྤྱོད་ཐོན་རྫས། འཕྲུལ་རྟ། རྩིས་འཁོར་སོགས་དངོས་པོ་ཆེ་རིགས་ཀྱི་ཚད་ལྡན་ལག་ཁྱེར་ནི་དངོས་པོ་ཁག་ཐེག་དང་བཀོལ་སྤྱོད་བདེ་འཇགས་ལ་ཧ་ཅང་གལ་ཆེའོ།། འཛད་སྤྱོད་པས་དངོས་པོ་འདིའི་རིགས་ཉོ་སྐབས་རང་འགུལ་སྒོས་རྩད་གཅོད་དང་ཚད་ལྡན་ལག་ཁྱེར་ཉར་ཚགས་བྱ་དགོས།
        བཀོལ་སྤྱོད་གསལ་བཤད་ཡི་གེ་ཞེས་པ་ནི་ཞིབ་ཕྲ་སྒོས་བཀོལ་སྤྱོད་ཐབས་ལམ་གསལ་བཤད་དང་དོ་སྣང་བྱ་དགོས་སའི་ཚད་ལྡན་རང་བཞིན་གྱི་རྒྱུ་ཆ་དེ་ལ་ཟེར། གློག་ཆས་དང་འཕྲུལ་ཆས་ཀྱི་རིགས་ལ་ཚད་ལྡན་རང་བཞིན་གྱི་རྒྱུ་ཆ་དེ་ཡོད་པ་ཡིན། 
(མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར་ཁང་གི་འཕྲིན་སྟེགས་ལས་བཤུས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1