༄༅།། ལྷ་རིས་ཐང་ག་བཞེངས་པའི་སྲོལ་ཐོག་མར་དར་ཚུལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-17



 བོད་ཀྱི་ལྷ་རིས་སྒྱུ་རྩལ་དེའང་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ་ལྟ་བུར་སྣང་ཡང་། ཞིབ་ཏུ་བསམ་ན་དེ་ཡང་ཧ་ཅང་ཉེན་ཁ་ཆེ་བའི་ཚོད་དུ་སླེབས་འདུག་སྟེ། མེས་པོ་གོང་མའི་ཕྱག་སྲོལ་ལྟར་ཁྱད་ཆོས་མངོན་པར་གསལ་བའི་བྱེའུ་སྒང་ལུགས་དང་། སྨན་ཐང་ལུགས། མཁྱེན་རྩེ་ལུགས། སྒར་བྲིས་ལུགས་སོགས་རང་ལུགས་སོ་སོར་མ་འདྲེས་པར་ཅི་བཞིན་ངེས་ཟིན་མཁན་དང་དེ་ལྟར་འབྲི་མཁན་ཧ་ཅང་དཀོན་པོ་རེད། དཔེར་ན། བོད་དུ་ཐང་ག་སྣ་ཚོགས་འབྲི་བཞེངས་བྱེད་མཁན་ཅུང་མིང་གྲགས་ཡོད་མཁན་ཚོའི་སར་ཕྱིན་ཏེ་འདི་ནི་ལུགས་གང་གི་འབྲི་སྲོལ་ཡིན་ཞེས་སོགས་སྐད་ཆ་དྲིས་ཚེ། དེ་ནི་བདག་གི་དགེ་རྒན་གྱི་ཕྱག་སྲོལ་ཡིན་ལྟ་བུ་བཤད་རྒྱུ་ལས་ལུགས་གང་ཡིན་དང་དེ་དག་རེ་རེ་བཞིན་ངོ་སྤྲོད་ཞིབ་རྒྱས་གནང་ཐུབ་མཁན་ཡང་ཧ་ཅང་ཉུང་ཉུང་རེད། དེ་བས་ང་ཚོའི་ཐང་ཀ་འབྲི་སྟངས་དང་། ཚོན་བསྡེབས་སྟངས། འབག་སྐུ་བཟོ་སྟངས་སོགས་གང་ལ་བལྟས་ན་མང་ཆེ་བ་སྤྱི་འགྲོས་ཤིག་གི་འབྲི་ཟོལ་ལྟར་ཇི་མ་ཇི་བཞིན་འབྲི་བ་དང་། དཔར་ལོག་རྒྱག་པ་སོགས་བྱེད་པ་ལས་སྒྱུ་རྩལ་གྱི་ཐབས་ལམ་གསར་བ་ཞིག་བསྙེགས་ཡོད་མཁན་ནི་ཧ་ཅང་དཀོན་པོ་སྣང་བ་འདི་ནི་ཐང་ག་བཞེངས་བསྐྲུན་གྱི་སྒྱུ་རྩལ་འདིའང་ཉེན་ཁའི་ཕྱོགས་སུ་སོང་ཡོད་པ་ཞིག་ཏུ་ངོས་འཛིན་བྱས་ཆོག    དེས་ཕྱིར་ལྷ་རིས་སྒྱུ་རྩལ་གྱི་རྣམ་པ་འདི་ནི་དུས་རབས་དང་མཐུན་པའི་སྒོ་ནས་ཡར་རྒྱས་གོང་འཕེལ་ཏུ་བཏང་དུ་ཆོག་པ་ནི་སྔོན་བྱོན་མཁས་དབང་དག་གིས་ང་ཚོར་བསྡོམས་ཚིག་བཀོད་མྱོང་སྟེ། སྒྱུ་རྩལ་ལོ་རྒྱུས་ལ་མགོ་མེད་ཏེ་མིའི་ཤེས་རིག་བྱུང་བའི་ལོ་རྒྱུས་དང་མཉམ་པས་སོ། ། སྒྱུ་རྩལ་གྱི་རྣམ་པ་ལའང་ཚད་བཟུང་མི་བྱ་སྟེ། སྤྱི་ཚོགས་དང་དུས་རབས་རེ་རེ་ལ་སྐབས་དེའི་རྣམ་པའི་སྒྱུ་རྩལ་འབྱུང་ངེས་སོ། ། ཞེས་གསུངས་པ་ལྟར་དུས་རབས་དང་མཐུན་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་མངོན་ཆོག་པར་འདོད། དེ་ལྟ་ན་བོད་ཀྱི་ལྷ་རིས་སྒྱུ་རྩལ་གྱི་རྣམ་པ་གོང་དུ་འཕེལ་ཡོད་མེད་ཀྱི་གནས་སྟངས་ཀྱང་དེ་ལྟ་བུ་ཞིག་ལས་མ་འདས་པས་ང་ཚོས་ཅིས་ཀྱང་བསམ་གཞིགས་གནང་དགོས་པའི་སྣང་བ་ཞིག་ཤར་འོང་། དེ་བས་བོད་ཀྱི་རི་མོ་བ་དང་རི་མོའི་སྒྱུ་རྩལ་འདི་ད་ལྟ་ནས་སྲུང་སྐྱོབ་མ་བྱས་ན་བོད་ཀྱི་རི་མོ་བ་དང་རི་མོའི་སྒྱུ་རྩལ་གྱི་མདུན་ལམ་ལ་རེ་བ་མེད་ལ། ལྷག་པར་དུ་རི་མོའི་སྒྱུ་རྩལ་འདིས་བོད་མི་རིགས་ལ་འདོན་འོས་པའི་སྒྱུ་རྩལ་གྱི་འོས་འགན་འདོན་ཐུབ་རྒྱུ་མ་རེད་བསམ། བོད་ཀྱི་རི་མོ་བ་ཞིག་དང་རི་མོ་ལ་དགའ་མོས་ཡོད་མཁན་ཞིག་ཡིན་ན་ངེས་པར་དུ་བོད་ཀྱི་རི་མོའི་སྒྱུ་རྩལ་གྱི་རིག་གནས་འདི་རྗེས་སུ་ལུས་པའི་གནས་བབས་དེ་ངེས་པར་དུ་ཁས་ལེན་དགོས་ལ། གནས་བབས་འདི་བསྒྱུར་བའི་ཆེད་དུ་ང་ཚོས་ད་ལྟ་ནས་དཔུང་བ་མཉམ་གཤིབས་དང་ཡིད་སེམས་གཅིག་མཐུན་གྱིས་བརྩོན་པ་གནང་རྒྱུ་ནི་གལ་ཆེན་ལས་ཀྱང་དོན་ཆེན་ཞིག་རེད་ལ། འདི་ནི་བོད་ཀྱི་རིག་གནས་ལ་དགའ་མོས་ཡོད་པ་དང་ལྷག་པར་དུ། རི་མོའི་སྒྱུ་རྩལ་ལ་དུངས་བ་ཟབ་པའི་རི་མོ་བ་དག་གི་འོས་འགན་ཉག་གཅིག་ཏུ་ཁས་ལེན་དགོས་སོ། །


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1