བོད་ཀྱི་ལྷ་མོའི་སྒྱུ་རྩལ་ལ་དུས་ཡུན་རིང་པོའི་ལོ་རྒྱུས་ཡོད། དེའང་ལོ་རྒྱུས་ཡུན་རིང་ལྡན་པའི་དགོན་སྡེ་འགའ་ཞིག་གི་ལྡེབས་རིས་སུ་བཀོད་པ་ལྟར་ན། མི་ལོ་ཆིག་སྟོང་སུམ་བརྒྱའི་གོང་ཚུན་ནས་བོད་དུ་འབག་དཀར་པོ་ཞེས་གདོད་མའི་ལྷ་མོ་འཁྲབ་སྲོལ་ཡོད། དེ་རྗེས་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་གོང་འཕེལ་བྱུང་བ་དང་ཆབས་གཅིག་ལྷ་མོའི་འཁྲབ་གཞུང་ལའང་འཕེལ་རྒྱས་བྱུང་ནས། སྔ་རབས་ཀྱི་ཁེར་འཁྲབ་དང་འབྲོང་རྩེད་སོགས་ལས་རིམ་བཞིན་འཁྲབ་གཏོང་གཙོ་བོར་བྱེད་པའི་སྒྱུ་རྩལ་གྱི་འཁྲབ་སྟོན་དུ་གོང་འཕེལ་བྱུང་བ་རེད།
ཨ་ལྕེ་ལྷ་མོ་ཞེས་པ་ནི་གྲུབ་ཆེན་ཐང་སྟོང་རྒྱལ་པོས་སྤྱི་ལོ་1385ལོ་ཙམ་ལ་གསར་གཏོད་མཛད་པ་ཞིག་ཡིན། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ཆེན་པོའི་དུས་སུ་སླེབས་མཚམས་སུ་དེ་གླུ་གར་གྱི་རྣམ་པའི་ཐོག་ནས་རྩོམ་རིག་གི་སྒྲུང་གཏམ་ནང་དོན་དུ་བྱས་པའི་སྣེ་མང་ཕྱོགས་བསྡུས་ཀྱི་སྒྱུ་རྩལ་འཁྲབ་སྟོན་ཞིག་ཏུ་འཕེལ་རྒྱུས་བྱུང་བ་རེད། ལྷ་མོའི་ཁྱད་ཆོས་ནི་སྒྲུང་གཞི་ཆ་ཚང་བ་དང་། རྣམ་ཐར་གྱི་གདངས་ཆ་འཕོ་འགྱུར་མང་བ། གར་སྟབས་ཀྱི་ཉམས་འགྱུར་ལྷོང་ཅིང་འགྱིངས་ཉམས་དང་ལྡན་པ་བཅས་ཡོད། རྣམ་ཐར་གྱི་གདངས་ཁོ་ནར་དཔལ་འགྱོགས་ཉི་ཤུ་ལྷག་ཙམ་འདུག་པ་རྣམས་ནི་འཁྲབ་གཞུང་གི་འཕེལ་ཚུལ་དང་བསྟུན་ནས་གང་ལ་ཅི་འཚམས་ཀྱི་དལ་མགྱོགས་སྤྱད་པ་དང་མི་སྣ་འདྲ་མིན་ལ་གཞིགས་ནས་རྣམ་ཐར་གྱི་གདངས་ཀྱང་མི་འདྲ་བ་ཡོད། དེ་རྣམས་འཁྲབ་གཞུང་ནང་གི་མི་སྣའི་འདུ་ཤེས་མཚོན་ཐབས་ལ་བརྟེན་ནས་དེའི་སེམས་ཁམས་ཀྱི་འཆར་སྒོ་རྣམས་འགྲུབ་པར་བྱེད། ལྷ་མོའི་འཁྲབ་གཞུང་ལ་སྤྱིར་བཏང་གོ་རིམ་དུམ་བུ་གསུམ་དུ་དབྱེ་ནས་འཁྲབ་པ་སྟེ། ཐོག་མར་རྔོན་པའི་འདོན་ཞེས་འཁྲབ་འགོ་འཛུགས་པའི་འགོ་དང་། གཉིས་པ་གཞུང་ཞེས་འཁྲབ་གཞིའི་གཞུང་དངོས་གང་ཡིན་དེ་འཁྲབ་པ། གསུམ་པ་བཀྲ་ཤིས་བཅད་པ་ཞེས་འཁྲབ་སྟོན་མཇུག་སྒྲིལ་བའི་མཇུག་འཁྲབ་བཅས་གསུམ་ཡོད་པ་ལས་སྔར་ལམ་ལྟར་ན་མཇུག་ཏུ་བཀྲ་ཤིས་གཅོད་སྐབས་སྦྱིན་བདག་དང་གཟིགས་མོ་བས་གནང་སྦྱིན་ལེགས་འབུལ་གནང་སྲོལ་ཡོད།
ལྷ་མོའི་འཁྲབ་གཞུང་མི་ཉུང་བ་ཞིག་གི་ཁུངས་བརླགས་ཟིན་པ་ཕུད། ད་ལྟ་རྒྱུན་འཛིན་ཐུབ་པའི་འཁྲབ་གཞུང་བཅུ་གྲངས་ཡོད་ནའང་རྒྱུན་དུ་ཤོད་རྒྱུན་ལ་ལྷ་མོའི་འཁྲབ་གཞུང་ཆེན་པོ་བརྒྱད་ཟེར་བ་རྣམས་ཀྱི་ནང་དོན་མང་ཆེ་བ་ནི་ལོ་རྒྱུས་ཀྱི་དོན་རྐྱེན་དང་། རྣམ་ཐར་རྟོགས་བརྗོད། དམངས་ཁྲོད་སྒྲུང་གཏམ་ལ་སོགས་ཡིན། དེའི་ནང་ཅུང་གྲགས་ཆེ་བ་ནི་《གཟུགས་ཀྱི་ཉི་མ།》དང་། 《འགྲོ་བ་བཟང་མོ།》《རྒྱ་བཟའ་ཀོང་ཇོ།》《སྣང་ས་འོད་འབུམ།》《པད་མ་འོད་འབར།》《གཅུང་པོ་དོན་ཡོད་དོན་གྲུབ།》《ཆོས་རྒྱལ་དྲི་མེད་ཀུན་ལྡན།》《ཆོས་རྒྱལ་ནོར་བཟང་།》ཞེས་པ་སོགས་ཡིན།