༄༅།། གསར་འགྱུར་ཡིག་སྒྱུར་གྱི་མྱོང་བ་རགས་ཙམ་གླེང་བ།

བསྟན་པ་ཡར་འཕེལ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-23


        བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་འགྲོ་དགོས་ན། དེང་རབས་ཀྱི་ཆ་འཕྲིན་དུས་ཐོག་ཏུ་ཤེས་རྟོགས་བྱེད་རྒྱུ་ནི་གལ་ཆེན་པོ་ཞིག་ཡིན། གལ་ཆེའི་ཆ་འཕྲིན་དུས་ཐོག་ཏུ་ཤེས་འདོད་ན་རླུང་འཕྲིན་དང་། བརྙན་འཕྲིན། ཚགས་པར་སོགས་གསར་འགྱུར་མ་ལག་གི་ཆ་འཕྲིན་ལྟ་ཉན་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན། དེ་ནི་མི་རྣམས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་སྲིད་ཇུས་དང་། གལ་ཆེའི་གནས་ཚུལ། དེ་བཞིན་དུས་བབ་བཅས་ལ་ཤེས་རྟོགས་བྱེད་པའི་ཐབས་ལམ་ཞིག་ཏུ་གྱུར་ཡོད། གསར་འགྱུར་ལས་དོན་པ་ཞིག་གི་ངོས་ནས་བཤད་ན། རང་ཉིད་ཀྱི་ཕྲག་ཐོག་གི་འགན་འཁྲི་ནི་གསར་འགྱུར་ཡིག་སྒྱུར་ལེགས་པར་བྱས་ནས་ཆ་འཕྲིན་གཏོང་སྤེལ་དང་བརྒྱུད་བསྒྲགས་ཡང་དག་བྱས་ཏེ། གསན་པ་པོར་ཞབས་འདེགས་ཀྱི་ནུས་པ་དངོས་སུ་ཐོན་ཐུབ་པ་བྱ་རྒྱ་དེ་ཡིན།
        སྤྱིར་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་དྲུག་ཅུ་ལྷག་ཙམ་རིང་། བོད་ཀྱི་ལས་རིགས་ཁག་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་རླབས་པོ་ཆེ་བྱུང་བ་དང་ཆབས་ཅིག བོད་ཀྱི་ཡིག་སྒྱུར་བྱ་གཞག་ལ་ཡང་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ལྷག་པར་དུ་བོད་དུ་གསར་འགྱུར་ཡིག་སྒྱུར་ལ་འཕེལ་རྒྱས་ཧ་ཅང་ཆེན་པོ་བྱུང་ཡོད་ལ། གསར་འགྱུར་ཡིག་སྒྱུར་བྱེད་པའི་ཚ་རླབས་ཤིག་ཀྱང་འཕྱུར་དང་ཕྱུར་མུས་ཡིན། གསར་འགྱུར་ཡིག་སྒྱུར་ཞེས་པའི་ལས་རིགས་འདིར་ཡིག་སྒྱུར་ཀུན་དང་མཐུན་པའི་ཆ་ཡོད་ལ་མི་མཐུན་པའི་ཆ་ཡང་ཡོད། ཀུན་དང་མཐུན་པའི་ཆ་ནི་མ་ཡིག་ལ་སྲུང་བརྩི་ཞུས་ནས་དོན་ཇི་མ་ཇི་བཞིན་མཚོན་དགོས་པ་དང་། སྐད་ལུགས་ཐད་རང་མི་རིགས་ཀྱི་མདོ་དབུས་ཁམས་གསུམ་གྱི་བོད་མིས་གོ་ཐུབ་པའི་ཡིག་སྐད་གཞིར་འཛིན་དགོས་ལ། ལྟ་བདེ་ཞིང་གོ་སླ་བའི་ཡིག་སྐད་སྤྱོད་དགོས་པ་ལས་མངོན་བརྗོད་ཀྱི་མིང་དང་། སྙན་ངག་གི་རྒྱན། བརྡ་རྙིང་དང་གྲོང་སྐད་ཕལ་པའི་རིགས་མ་འདྲེས་པར་ལྟ་ཀློག་བྱས་པ་ཙམ་གྱིས་གོ་དོན་རྟོགས་པ་བྱེད་དགོས།
        རླུང་འཕྲིན་དང་བརྙན་འཕྲིན་གྱི་ཡིག་སྒྱུར་ནི་བསྒྱུར་ཡིག་གཞན་དང་མི་འདྲ་བར་ངེས་པར་དུ་ཐོས་པ་ཙམ་གྱིས་དོན་རྟོགས་པ་ཞིག་དགོས་ལ། སྐབས་དོན་ཆབ་སྲིད་ཀྱི་ཐ་སྙད་སོགས་ཀྱི་སྒྱུར་སྲོལ་ལ་ཡང་རྒྱུས་མངའ་ཡོད་དགོས། དེའི་ཐོག་ལོ་རྒྱུས་ཐོག་གི་བྱ་དངོས་དང་མི་སྣ་སོགས་ངོ་སྤྲོད་བྱེད་སྐབས་ཐོག་མའི་མིང་དང་ཚིག་ལ་བསྟུན་གང་ཐུབ་བྱས་ན་གསན་པ་པོ་དང་། གཟིགས་མོ་བ་སོགས་ཀྱིས་དེའི་ནང་དོན་ཧྲིལ་པོ་རྟོགས་སླ་བ་དང་སེམས་ནང་ལོ་རྒྱུས་ཀྱི་དྲན་གསོ་འཆར་ནས་དྲིལ་བསྒྲགས་ཀྱི་ནུས་པ་དེ་བས་ཡག་པ་ཐོན་ཐུབ། དེར་བརྟེན་གསར་འགྱུར་ལས་རིགས་ཀྱི་ཡིག་སྒྱུར་བ་ཞིག་ཡིན་ན་ངེས་པར་དུ་ཞིང་འབྲོག་ཁུལ་གྱི་སྲོལ་རྒྱུན་ཤེས་བྱ་ཁོང་དུ་ཆུད་པ་བྱེད་དགོས། དཔེར་ན། ཕྱུགས་ཟོག་གི་ལོ་རྩིས་སྟངས་དང་། ཞིང་ལུད་གསོག་འཇོག་བྱེད་སྟངས། འདེབས་ལས་ཀྱི་བྱ་རིམ་སྣ་ཚོགས། ཕྱུགས་ལས་ཀྱི་བྱ་རིམ་སོགས་ལ་རྒྱུས་མངའ་ཡོད་དགོས། གང་ལྟར་ཡིག་སྒྱུར་ཞེས་པ་དེ་སྤྱིར་བཏང་གི་ལས་རིགས་རྐྱང་པ་ཞིག་མ་ཡིན་པ་དང་། ལྷག་པར་དུ་གསར་འགྱུར་དང་། ཆེད་དོན་ལེ་ཚན་གྱི་ཡིག་སྒྱུར་བ་ཞིག་ཡིན་ན་དེ་བས་ཀྱང་ཕྱོགས་གང་ཅིའི་ཐད་ཀྱི་ཤེས་བྱ་ལྡན་དགོས། དཔེར་ན། རྒྱལ་དོན་དང་སྲིད་དོན་དང་། སྲིད་ཇུས་དང་བྱེད་ཕྱོགས། དཔལ་འབྱོར་དང་ཚན་རིག ཆོས་ལུགས་དང་ལོ་རྒྱུས། དམག་དོན་དང་སློབ་གསོ་སོགས་ཕྱོགས་གང་ས་ཅི་ཐད་ཀྱི་ཤེས་བྱར་རྒྱུས་མངའ་ཡོད་དགོས་པ་ནི་ཧ་ཅང་གལ་ཆེན་པོ་ཞིག་རེད།
        གསར་འགྱུར་ཡིག་སྒྱུར་གྱི་ཁྱད་ཆོས་དང་དཀའ་གནད་ནི་དུས་ཚོད་དམ་ཞིང་བྲེལ་བ་དང་། ཚིག་གསལ་ཞིང་བསྡུས་པའི་བསྒྱུར་ཡིག་གི་ཐོག་ནས་བརྗོད་བྱའི་དོན་རྣམས་གསལ་པོར་མཚོན་དགོས་སྟབས་འབྲེལ་ཡོད་ལས་རིགས་ཀྱི་རམ་འདེགས་དང་གཅིག སྒྱུར་བ་པོ་རང་ངོས་ཀྱི་ལས་མཁོའི་ཤེས་བྱ་ཕུན་སུམ་ཚོགས་པ་དང་གཉིས། སྒྱུར་བ་པོའི་ལས་ཀའི་འགན་འཁུར་གྱི་བསམ་བློ་དང་རྒྱུན་སྲིང་ཐུབ་པའི་བརྩོན་འགྲུས་དང་གསུམ་བཅས་ལྡན་དགོས། བསྒྱུར་བྱའི་ནང་དོན་ཚིག་ཟིན་ཙམ་དུ་བསྡུས་པ་དང་མགོ་དང་རྣ་ཅོག་ཕྲལ་བ་སོགས་དེ་བས་བྱ་མི་རུང་། མདོར་ན་གསར་འགྱུར་གྱི་ཡིག་བསྒྱུར་ནི་སྒྱུར་ཡིག་ཐུན་མོང་གི་ཁྱད་ཆོས་ལྡན་པ་དང་རང་ཚུགས་ཀྱི་ཁྱད་ཆོས་ལྡན་པའི་བསྒྱུར་བྱ་ཁྱད་པར་ཅན་ཞིག་ཡིན།
        གསར་འགྱུར་ཡིག་སྒྱུར་སྐབས། རྒྱལ་ཕྱི་རྒྱལ་ནང་གི་གསར་འགྱུར་དེ་དག་སྤྱིར་སྔོན་ལ་དྲ་ཐོག་གི་རྒྱ་ཡིག་ལས་ཤེས་རྟོགས་བྱས་ཏེ་ཕབ་བསྒྱུར་བྱེད་དགོས་ཀྱི་ཡོད་པས། གསར་འགྱུར་ལས་རིགས་གཅིག་པ་ཡིན་རུང་ཚན་པ་དང་ཚན་པའི་དབར་གྱི་སྤེལ་རེས་མ་འདང་བའི་དབང་གིས་ཐ་སྙད་གཅིག་གྱུར་མེད་པ་དང་། སྐད་ཆ་ཁག་གཅིག་བོད་སྐད་ཀྱི་འགྲོ་སྟངས་དང་མི་མཐུན་པ་མ་ཟད། བོད་ཡིག་གི་རྩ་བའི་བརྡ་སྤྲོད་གཞུང་ལུགས་དང་འགལ་བ། ཐད་སྒྱུར་བྱེད་དྲགས་པ་བཅས་ཀྱི་རྐྱེན་པས་ཐ་ན་གསར་འགྱུར་འགའ་རེ་མང་ཚོགས་ཀྱིས་ལྟ་ཉན་ཐུབ་རྒྱུ་ལྟ་ཞོག་ཡིག་སྒྱུར་བ་ཕན་ཚུན་གྱིས་ཀྱང་གོ་དོན་རྟོགས་དཀའ་བའི་གནས་སུ་གྱར་བའི་སྣང་ཚུལ་ཡང་མཐོང་ཆོས་སུ་གྱུར། དེ་ཕྱིར་དུས་ཐོག་ཏུ་ལེགས་བཅོས་མ་བྱས་ན། ཆ་འཕྲིན་གྱི་གལ་ཆེའི་གནས་བབ་བཟུང་བའི་གསར་འགྱུར་དེ་ཉིད་མང་ཚོགས་དང་རྒྱང་ཐག་རིང་དུ་འགྲོ་རྒྱུ་མ་ཟད་ཐ་ན་གསར་འགྱུར་ལྟ་ཉན་བྱེད་རྒྱུར་བསུན་སྣང་ཡང་སྐྱེ་སྲིད། དེར་བརྟེན། དེང་སྐབས་ཡིག་སྒྱུར་གྱི་ཕྱག་ལས་གནང་མཁན་རྣམས་དང་ ལྷག་པར་དུ་གསར་འགྱུར་ལས་རིགས་ཀྱི་ཡིག་སྒྱུར་བ་ཞིག་གི་ངོས་ནས་བཤད་ན། འཛོམས་དགོས་པའི་ཆ་རྐྱེན་ཕུན་སུམ་ཚོགས་པོ་དགོས་པ་དེ་ནི་སྤྱི་ཚོགས་འཕོ་འགྱུར་འགྲོ་བའི་དགོས་མཁོ་ཡིན་ལ། ང་ཚོའི་འཚོ་བ་ཡར་རྒྱས་དང་ཚན་རིག་རིག་གནས་ཀྱི་ཤེས་བྱ་ཕུན་སུམ་ཇེ་ཚོགས་སུ་འགྲོ་བའི་སྤྱི་ཚོགས་ཀྱི་དགོས་མཁོ་ཡང་རེད། ཁོ་བོས་ལྟར་ན་གསར་འགྱུར་ལས་རིགས་ཀྱི་ཡིག་སྒྱུར་བ་ཞིག་ཡིན་ཕྱིན་མ་མཐར་ཡང་གཤམ་གསལ་གྱི་ཆ་རྐྱེན་ཁག་ཚང་དགོས་སྙམ།
        དེ་ཡང་། གསར་འགྱུར་ཡིག་སྒྱུར་བྱེད་མཁན་ཞིག་ཡིན་ན་ཐོག་མར་བསམ་བློ་ཆབ་སྲིད་ཀྱི་གོ་རྟོགས་དང་འགན་འཁྲིའི་བསམ་པ་ཤུགས་ཆེན་པོ་ཡོད་དགོས། རྒྱུ་མཚན་ནི་བསམ་བློ་ཆབ་སྲིད་ཀྱི་བླང་བྱ་ནི་དེང་སྐབས་གསར་འགྱུར་ལས་རིགས་ཀྱི་ཡིག་སྒྱུར་བར་མཁོ་བའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་རེད། གལ་སྲིད་དེང་སྐབས་གསར་འགྱུར་ལས་རིགས་ཀྱི་ཡིག་སྒྱུར་བར་བསམ་བློ་ཆབ་སྲིད་ཀྱི་བླང་བྱ་མཐོ་པོ་མེད་ན་གསར་འགྱུར་ལས་རིགས་ཀྱི་ཡིག་སྒྱུར་བསྒྲུབ་ཐབས་མེད་པ་ཞིག་རེད། བསམ་བློ་ཆབ་སྲིད་ཀྱི་བླང་བྱ་ཞེས་པ་ནི་གཙོ་བོ་གསར་འགྱུར་ལས་རིགས་ཀྱི་ཡིག་སྒྱུར་བ་དེར་མར་ཁེ་སི་རིང་ལུགས་ཀྱི་གསར་འགྱུར་ལྟ་བ་ཡང་དག་པ་རང་ཉིད་ཀྱི་བློ་ལ་བརྟན་པོ་ཡོད་དགོས་པ་མ་ཟད། དོན་དངོས་ཀྱི་ཡིག་སྒྱུར་བྱ་བའི་ནང་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བས་ཡིག་སྒྱུར་གྱི་བྱ་རིམ་ཧྲིལ་པོར་མཛུབ་ཁྲིད་བྱེད་དགོས། ལྷག་པར་དུ་ཏང་གི་རྩ་བའི་རྩ་དོན་དང་། ལམ་ཕྱོགས། བྱེད་ཕྱོགས། དེ་བཞིན་ཏང་གི་དུས་རིམ་སོ་སོའི་ཞིབ་ཕྲའི་མཛད་ཕྱོགས་སྲིད་ཇུས། དོན་ཆེན་ཁག་སོགས་རང་ཉིད་ཀྱི་བློ་ལ་གསལ་པོ་ཡོད་དགོས། དེ་ལྟར་བྱུང་ན་གསར་འགྱུར་ཡིག་སྒྱུར་བྱེད་སྐབས་འཕྱུགས་པ་མེད་པར་གསར་འགྱུར་གྱི་དུས་ཚོད་མྱུར་ཞིང་ནང་དོན་གསར་པའི་དགོས་མཁོ་སྐོང་ཐུབ། གལ་སྲིད་རང་ཉིད་ཀྱི་བསམ་བློ་ཆབ་སྲིད་ཀྱི་ཆུ་ཚད་མཐོ་པོ་མེད་ན། གསར་འགྱུར་ཡིག་སྒྱུར་བྱེད་སྐབས་འབྲེལ་ཡོད་ཆབ་སྲིད་སྐོར་གྱི་མིང་ཚིག་འཕྲད་ཚེ་རྨོངས་ཤིང་འཐོམས་པར་གྱུར་ནས་གསར་འགྱུར་གྱི་དགོས་མཁོ་སྐོང་མི་ཐུབ། འདིར་དམིགས་སུ་བཀར་ནས་གསར་འགྱུར་ལས་རིགས་ཀྱི་ཡིག་སྒྱུར་བར་བསམ་བློ་ཆབ་སྲིད་ཀྱི་བླང་བྱ་མཐོན་པོ་ཡོད་དགོས་ཟེར་དོན་ནི། གལ་སྲིད་དེ་ལྟར་མ་བྱུང་བ་ཡིན་ན། གསར་འགྱུར་ལས་རིགས་ཀྱིས་ཏང་གི་ལམ་ཕྱོགས་དང་ བྱེད་ཕྱོགས། སྲིད་ཇུས་སོགས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་དྲིལ་བསྒྲགས་བྱེད་རྒྱུའི་གཟི་བརྗིད་ཆེ་བའི་ལས་འགན་དེ་བསྒྲུབ་ཐབས་བྲལ་ངེས་ཕྱིར། བསམ་བློ་ཆབ་སྲིད་ཀྱི་བླང་བྱ་མཐོ་པོ་དགོས་པ་ནི་དེང་སྐབས་གསར་འགྱུར་ལས་རིགས་ཀྱི་ཡིག་སྒྱུར་བར་ཚང་དགོས་ངེས་ཀྱི་ཆ་རྐྱེན་ཞིག་ཡིན།
        ད་དུང་བསྒྱུར་བྱའི་ནང་དོན་དེ་ཞབས་འདེགས་ཞུ་ཡུལ་གྱི་ཆུ་ཚད་མཐོ་དམན་ལ་མ་བལྟོས་པར་ཚང་མས་ལྟ་ཉན་བྱེད་ཐུབ་པ་བྱ་རྒྱུ་གལ་འགངས་ཆེ་ཞིང་། ཡུལ་སྐད་དང་། ཚིག་རྒྱན། བརྡ་རྙིང་། མངོན་བརྗོད་སོགས་བེད་སྤྱོད་བྱེད་རྒྱུ་མེད་ལ། རྒྱལ་ཕྱི་རྒྱལ་ནང་གི་གསར་འགྱུར་ཡིག་སྒྱུར་བྱེད་སྐབས་རྒྱལ་ཕྱི་རྒྱལ་ནང་གི་དུས་བབ་ལ་རྒྱུས་མངའ་ཡོད་དགོས། ལྷག་དོན་དུ་རྒྱལ་སྤྱིའི་གནད་དོན་ཆེ་གྲས་ཀྱི་རྒྱ་སྐད་གསར་འགྱུར་ལ་རྒྱུན་མཐུད་ཀྱི་ཁྱད་ཆོས་ལྡན་པ་དང་། མིང་ཚིག་ཁག་གཅིག་གནས་ཚུལ་གྱི་འཕེལ་རིམ་དང་བསྟུན་ནས། སྟབས་བསྟུན་གྱིས་འགྱུར་ལྡོག་འགྲོ་གི་ཡོད། དཔེར་ན། 9·11恐怖袭击 ཞེས་པར་ད་ལྟ་ 9·11འབོད་ཀྱི་ཡོད་པ་དང་། 伊拉克战争 ལ་ད་ལྟ་ 伊战 ཞེས་ཟེར་བ། 秘密监狱 ལ་ 黑狱 ཞེས་འབོད་པ་སོགས་ལ་རྒྱུས་མངའ་ཡོད་དགོས་པ་མ་ཟད། བོད་ཡིག་ལ་ཕབ་སྒྱུར་བྱེད་སྐབས་ཐོག་མའི་ཐ་སྙད་ལ་བསྟུན་ཏེ་ཆ་ཚང་པོར་སྒྱུར་ན་འཚམ་ཤོས་རེད། ད་དུང་རི་པིན་དང་འབྲེལ་བའི་གནས་ཚུལ་སྤེལ་སྐབས་ 战后 ཞེས་པ་དེ་སྤྱིར་འཛམ་གླིང་དམག་ཆེན་གཉིས་པར་གོ་དགོས་ཀྱི་ཡོད་པས་རྒྱ་ཆེའི་བོད་རིགས་ཕལ་མོ་ཆེས་གོ་ཐུབ་པ་བྱ་ཆེད་གོང་གསལ་གྱི་ཐ་སྙད་དེ་དག་ཕྱིས་འབྱུང་རྒྱ་ཡིག་གི་ཡིག་འབྲུར་མ་བསྟུན་པར་དོན་སྒྱུར་དང་སྣོན་སྒྱུར་བྱས་ན་ཕན་ཐོགས་ཆེ་སྙམ། རྒྱུན་གཏན་བོད་ཀྱི་སློབ་གསོའི་ཐད་ཀྱི་གསར་འགྱུར་ནང་ 两基 ཞེས་པ་མང་པོ་ཐོན་གྱི་ཡོད་པས་དོན་དེར་རྒྱུས་མངའ་ཡོད་པའི་ངོས་ནས་བཤད་ན་གཞི་རྩ་གཉིས་ཞེས་བསྒྱུར་ན་གོ་མི་ཐུབ་པ་མེད་རུང་། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་གོ་ཐུབ་པ་བྱ་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་པས། གལ་སྲིད་ཚིག་འབྲུའི་མང་ཉུང་ལ་མ་བལྟོས་པར་གོང་གསལ་གྱི་གཞི་རྩ་གཉིས་ཞེས་པ་དེ་གཞི་རྩའི་ཐོག་ལོ་དགུའི་འོས་འགན་གྱི་སློབ་གསོ་ཁྱབ་གདལ་དང་། གཞོན་ནུ་དར་མའི་ཡིག་རྨོངས་སེལ་བའི་བརྗིད་ཆེའི་དམིགས་ཚད་ཅེས་སྒྱུར་ན་གོ་བདེ་བ་ཡོད།
    གཞན་ཡང་། དཔེར་ན་ 认真贯彻“三个代表”重要思想 ཞེས་པ་དེ་ནན་ཏན་ངང་མཚོན་བྱེད་གསུམ་གྱི་གལ་ཆེའི་དགོངས་པ་ལག་བསྟར་བྱ་དགོས་ཞེས་པ་ལྟ་བུར་སྒྱུར་ཚུལ་ཡོད་པ་དེ་བོད་སྐད་ནང་གོ་མི་ཐུབ་པ་མེད་རུང་། རྒྱ་སྐད་ཀྱི་གོ་རིམ་དང་བསྟུན་དྲགས་པའི་གོམས་གཤིས་སུ་ཆགས་ན་རིམ་གྱིས་བོད་སྐད་ཀྱི་བྲོ་བ་མེད་པར་འགྱུར་བའམ་ཚད་ལྡན་གྱི་ཁ་སྐད་ཁྱབ་གདལ་གཏོང་བའི་འགོག་རྐྱེན་དུ་འགྱུར་སྲིད་པས། གལ་སྲིད་རྒྱ་སྐད་ཀྱི་གོ་རིམ་ལ་བསྟུན་རུང་གོ་ཐུབ་སྙམ་ནས་སྣང་ཆུང་ཤོར་ན་བོད་སྐད་གསར་འགྱུར་གྱི་ཡིག་སྒྱུར་བྱ་གཞག་དེ་འཕེལ་མེད་རང་སོར་གནས་པ་དང་། ཐ་ན་ཕྱིར་བཤོལ་ཐེབས་ཉེན་ཆེ། གོང་གསལ་གྱི་དཔེ་གཞི་ལྟ་བུར་མཚོན་ན། མཚོན་བྱེད་གསུམ་གྱི་གལ་ཆེའི་དགོངས་པ་ལག་བསྟར་ནན་ཏན་བྱ་དགོས་ཞེས་བསྒྱུར་ན་བོད་སྐད་ཀྱི་འགྲོ་སྟངས་དང་མཐུན་པ་ཡིན་པས། དེ་ལྟ་བུའི་སྟབས་བདེའི་ཡི་གེ་སྒྱུར་ཕྱོགས་ཐད་སྣང་ཆུང་བྱ་རྒྱུ་མེད།
        མདོར་ན། ཡིག་སྒྱུར་གྱི་ལག་ལེན་ཁྲོད་དུ་སྐྱོན་དང་ནོར་འཁྲུལ་ཐོན་སྲིད་ལ། ཡིག་སྒྱུར་ནི་ནོར་འཛོལ་ཐོན་མང་ཤོས་ཀྱི་བྱ་བ་ཞིག་ཡིན་པས། རང་ངོས་ཀྱི་ཕྱོགས་གང་ས་ཅི་ཐད་ཀྱི་བྱང་ཚད་གོང་མཐོར་གཏོང་རྒྱུར་བླང་བྱ་ནན་པོ་བཏོན་ཏེ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཞབས་འདེགས་ལེགས་པར་ཞུ་རྒྱུ་སྐུལ་སློང་བྱས་ནས་ཡང་དག་པའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་འོག ཆབ་སྲིད་ཀྱི་གོ་རྟོགས་གོང་མཐོར་དང་། ཚད་ལྡན་གྱི་ཡིག་སྐད་ལ་སྣང་ཆེན་བྱས་ཏེ་བོད་སྐད་ཀྱི་གསར་འགྱུར་བྱ་གཞག་སྐྱོན་བྲལ་ངང་གོང་འཕེལ་གཏོང་ཆེད། ཚན་པ་དང་ཚན་པའི་དབར་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་དང་། གནས་ཚུལ་སྣ་ཚོགས་ཤེས་རྟོགས། རང་ངོས་ཀྱི་བྱང་ཚད་རྒྱུན་ཆད་མེད་པར་གོང་མཐོར་གཏོང་བ་བཅས་བྱ་རྒྱུ་དེ་མིག་སྔར་བོད་སྐད་གསར་འགྱུར་ཡིག་སྒྱུར་བས་འབད་ཐབས་བྱེད་དགོས་པའི་གནད་དོན་གལ་ཆེན་ཞིག་ཡིན།
(བདེ་ཆེན་བོད་ཡིག་ཚགས་པར་ལས་བཤུས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1