རྫ་ཆུ་ཁ་ན་བོད་ཀྱི་བཅུ་ཕྲག་རིག་གནས་དང་ནང་བསྟན་གྱི་བང་མཛོད་དུ་གྱུར་ཞིང་ལོ་རྒྱུས་ཀྱི་བྱུང་བ་རིང་བའི་གནའ་བོའི་དགོན་སྡེ་མང་པོ་ཞིག་ཡོད་དེ། རྫ་ཆུ་ཁའི་དགེ་ལུགས་པའི་དགོན་པ་ཀུན་གྱི་མ་དགོན་དུ་གྱུར་པ་རྒྱལ་དབང་ལྔ་པའི་ཐུགས་དགོངས་ལྟར་སྤྱི་ལོ་1722ཡས་མས་སུ་ཕྱག་བཏབ་པའི་ཇོ་བོ་དགོན་དགའ་ལྡན་བཤད་སྒྲུབ་འཕེལ་རྒྱས་གླིང་དང་། ཀུན་མཁྱེན་འཇིགས་མེད་གླིང་པའི་སློབ་ཆེན་ཁམས་པ་འཇིགས་མེད་རྣམ་བཞི་ཞེས་གྲགས་པ་ལས་ཀི་ལུང་འཇིགས་མེད་ངོ་མཚར་རྒྱ་མཚོ་སྐུ་ཕྲེང་དང་པོས་ཕྱག་བཏབ་པ་རྫ་ཆུ་ཁའི་རྙིང་མའི་དགོན་པ་ཀུན་ལས་ཡུལ་འདིར་ཆགས་སྔ་ཤོས་རྫ་ཀི་ལུང་དགོན་འོག་མིན་རིག་འཛིན་འཕེལ་རྒྱས་གླིང་། རྫ་ཆུ་ཁའམ་སི་ཁྲོན་ཞིང་ཆེན་ནས་དགེ་བཤེས་ཀྱི་ཐོབ་ཐང་གནང་ཆོག་པའི་དགེ་ལུགས་པའི་དགོན་ཆེན་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་། འབུམ་རྙིང་དགོན་དགེ་ལྡན་མདོ་སྔགས་བཤད་སྒྲུབ་ཆོས་རྒྱས་གླིང་། ཇོ་བོ་དགོན། ཀི་ལུང་དགོན། སེར་ཤུལ་དགོན། ཟླ་རྒྱུད་ཨ་རིག་ཆོས་གྲྭ་ཆེན་མོ། དགེ་མང་དགོན། དགེ་གོང་དགོན། འཇུ་མང་དགོན། འཇུ་ཉུང་རི་ཁྲོད། ལྕང་མ་རི་ཁྲོད། མང་དགེ་དགོན། ཨོ་རོད་དགོན། འབུམ་གསར་དགོན། དབོན་པོ་དགོན། ཐར་ཤུལ་དགོན། ཕྱག་ཚ་དགོན། དྲེལ་དཀར་དགོན། རྫ་རྒྱལ་དགོན། ཀ་བཞི་དགོན། བ་རོད་དགོན། ཀློང་ཐང་སྒྲོལ་མ་ལྷ་ཁང་སོགས་ཀྱིས་གཙོས་པའི་ས་དགེ་བཀའ་རྙིང་གི་གྲུབ་མཐའ་སྐྱོང་བའི་ཆོས་ཀྱི་སྡེ་ཆེ་ཆུང་མང་པོ་ཞིག་བྱིན་རླབས་ཀྱི་ཚན་ཁ་འབར་བཞིན་ལོ་རྒྱུས་ཀྱི་དྲན་པ་སྦྲུམ་སྟེ་ཆོས་དང་སྲིད་ཀྱི་མངའ་ཐང་བསྐལ་པའི་སྙིགས་མར་སླེབས་པའི་དུས་འདིར་ཡང་བསྟན་པའི་བསོད་ནམས་དང་འགྲོ་བའི་དད་རྟེན་དུ་ལྷན་ནེ་ལྷང་ངེ་ལྷམ་མེར་གནས་ཤིང་ཆགས་ཡོད། །
སེར་ཤུལ་དགོན་པ།
དཀར་མཛེས་ཁུལ་སེར་ཤུལ་རྫོང་ནི་སི་ཁྲོན་དང་མཚོ་སྔོན། བོད་ལྗོངས་བཅས་ཀྱི་སྦྲེལ་མཚམས་སུ་ཆགས་ཤིང་མཚོ་ངོས་ལས་མཐོ་ཚད་ལ་སྨི་4000ལྷག་ཡོད། འདིར་མིང་དུ་གྲགས་པའི་བོད་རྒྱུད་ནང་བསྟན་དགེ་ལུགས་པའི་དགོན་སྡེ་སྟེ་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་ཡོད།
སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་ནི་སྤྱི་ལོ་1699ལོར་བཙུགས་ཤིང་། ད་ལྟའི་བར་ལོ་ངོ་300ལྷག་གི་ལོ་རྒྱུས་ལྡན་པ་དང་། དུས་རབས་འགའི་སྔོན་དུ་གཏེར་སྟོན་པ་གྲགས་ཅན་རྡོ་རྗེ་བདུད་འདུལ་གྱིས་མ་འོངས་ལུང་བསྟན་གནང་བ་ལྟར། སེར་ཤུལ་དགོན་པ་འཛུགས་པའི་རྟེན་འབྲེལ་དང་། དགོན་པའི་གནས་དུས། དགེ་ལུགས་པའི་གྲྭ་བཙུན་བྱུང་ལུགས་སོགས་གསལ་པོར་བསྟན་འདུག །
བླ་ཆེན་སོ་སོས་འབད་བརྩོན་འོག་ད་ལྟའི་སེར་ཤུལ་དགོན་ལ་བུ་དགོན་60ལྷག་དང་། ཁྱོན་ཡོངས་མུའུ་70ལྷག་ཟིན། འདི་ནི་དཀར་མཛེས་ཁུལ་དུ་མིག་སྔར་ཆེས་ཆེ་བའི་དགེ་ལུགས་པའི་དགོན་ཆེན་ཞིག་ཡིན་ཞིང་། དགེ་ལུགས་པའི་གྲུབ་མཐའི་ཁྲོད་ཆེས་སྟོབས་ཤུགས་ལྡན་པའི་ནང་བསྟན་རིག་གནས་ཁྱབ་སྤེལ་གྱི་གནས་ཤིག་ཏུ་གྱུར་ཡོད།
དགོན་པའི་ཐང་ཆེན་དུ་པཎ་ཆེན་སྐུ་ཕྲེང་བཅུ་པའི་སྐུ་གདུང་མཆོད་རྟེན་དང་ཁོང་གིས་རབ་གནས་མཛད་པའི་རིང་བསྲེལ་མཆོད་རྟེན། དགོན་པའི་ལྷོ་ངོས་ཀྱི་བྱམས་པའི་ལྷ་ཁང་དུ་མཐོ་ཚད་ལ་སྨི་18ཅན་གྱི་རྗེ་བཙུན་བྱམས་པ་མགོན་པོའི་ལྷ་སྐུ་དང་། དགོན་པའི་བྱང་ངོས་ཀྱི་ལྷ་ཁང་དུ་སློབ་དཔོན་པདྨ་འབྱུང་གནས་དང་། རྗེ་ཙོང་ཁ་པ་སོགས་སྐུ་བརྙན་1000ལྷག་བཞེངས་ཡོད། དེ་མིན་དགོན་འདིར་པར་འདེད་གླིང་དང་། མཐོ་རིམ་དགེ་བཤེས་ནང་བསྟན་སློབ་གླིང་། འདུ་ཁང་ཆེན་མོ། བོད་ཀྱི་གསོ་རིག་གླིང་། བྱམས་སེམས་གླིང་། སྣེ་ལེན་ཁང་སོགས་ཡོད། བསྡོམས་པས་བླ་མ15དང་།
མཁན་པོ20ལྷག དགེ་བཤེས30ལྷག་དང་གྲྭ་བཙུན་ཡང་ཤིན་ཏུ་མང་།
ཀློང་ཐང་སྒྲོལ་མ་ལྷ་ཁང་།
དེ་ཡང་ཁམས་ཀྱི་ཀློང་ཐང་སྒྲོལ་མ་ལྷ་ཁང་ནི། བོད་ཀྱི་ས་གནོན་པའི་ཆེད་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོས་ཕྱག་བཏབ་ནས་སྡེ་དང་བསྟན་པ་བཙུགས། སྐབས་དེར་ཆོས་བརྒྱུད་བོན་སྟོན་པ་གཤེན་རབ་ཀྱི་བསྟན་པ་བཟུང་བ་འདྲ། དེ་རྗེས་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་བོན་གྱི་བསྟན་པ་བསྣུབས་ཏེ་སྔ་འགྱུར་རྙིང་མ་བའི་གདན་ས་མཛད། ཁྲི་རལ་པ་ཅན་གྱི་སྐབས་ལ་འཆད་གྲྭ་དྲུག་གི་ཡ་གྱལ་བྱས་ནས་སྡེ་དང་བསྟན་པ་རྒྱ་ཆེར་བཙུགས་པས་ཕྱིས་རྒྱལ་པོ་གླང་དར་གྱི་དུས་སུ་ཡང་སྡེ་དང་བསྟན་པ་མ་ཉམས་པར་གྲགས། བོད་སིལ་བུའི་སྐབས་སུ་པཎྜི་ཏ་སྨྲི་ཏའི་ཞབས་ཀྱིས་བཅགས་ནས་གདན་ས་ཡུན་རིང་མཛད། ཆོས་ཐམས་ཅད་ཀྱི་མ་མོར་གྱུར་པ་མངོན་པ་མཛོད་ཀྱི་བཤད་པ་རྒྱ་ཆེར་མཛད་པས་གཡས་པ་ཆེན་པོ་ཤེས་རབ་གྲགས་སོགས་མཁས་བཙུན་གྱི་སློབ་མ་མང་དུ་འདུས། གསང་བ་འདུས་པ་དང་། ཡེ་ཤེས་ཞབས་ལུགས་འཆད་སྤེལ་མཛད་པས་འདུས་པ་ཁམས་ལུགས་སུ་གྲགས་པ་བྱུང་། གཞན་ཡང་བླ་མ་སེ་བཙུན་པ་ཆེན་པོ་དང་། ཁུ་རྔོག་འབྲོག་གསུམ་ལ་སོགས་པ་དེ་སྐབས་བོད་དུ་བཞུགས་པའི་བླ་མ་ཕལ་ཆེ་བའི་ཞབས་ཀྱིས་བཅགས་ནས་གདན་སར་མཛད། དེ་ནས་རབ་བྱུང་བཅུ་གཅིག་པའི་ནང་ཙམ་ས་གཡོའི་གནོད་པ་ཐེབས་ནས་དགོན་པའི་ནང་རྟེན་དང་བཅས་པ་ས་འོག་ནུབ། དེ་རྗེས་རབ་བྱུང་བཅུ་གཉིས་པར་གར་དབང་འགྲོ་འདུལ་གླིང་པ་ཕེབས་ནས་སྔར་གྱི་སྒྲོལ་སྐུ་གསུང་འབྱོན་མ་སོགས་གཏེར་གྱི་ཚུལ་དུ་གདན་འདྲེན་ཞུས། ཆོ་འཕྲུལ་སྟོན་པའི་དུས་ཆེན་ལ་ལུས་ཅན་མཐའ་ཀླས་པར་དབང་དང་བྱིན་རླབས་བསྩལ། གདན་ས་ཡང་གནས་སྤོ་བའི་ཚུལ་གྱིས་དེའི་འོག་ཏུ་གཡུ་ཐང་མཎྡལ་ལྟར་བཀོད་ལེགས་པ་ཞིག་སྣང་བ་དེར་དགོན་གནས་གསར་དུ་བཏབ། གྲུབ་མཐའ་དགེ་ལུགས་སུ་བསྒྱུར། འདི་རྒྱལ་དབང་ལྔ་པ་ཆེན་པོས་བདག་རྐྱེན་བྱས་ནས་བཏབ་པར་གྲགས། གདན་ས་འདིའི་མཚན་ལ་ཀློང་ཐང་དང་གློང་ཐང་། གླང་ཐང་ཞེས་འབྲི་ཚུལ་གསུམ་ཙམ་སྣང་ལ། ཁ་ཅིག་གིས་ཡུལ་གྱི་བཤད་པ་དང་བསྟུན་ན་ཕྱི་མ་ལྟར་རྒྱུ་མཚན་དང་འབྲེལ་ཞེས་འདོད་ཀྱང་། ཀློང་ཐང་ཡང་བོད་ཀྱི་དེབ་ཐེར་ཁུངས་མ་རྣམས་ལས་བྱུང་བས་དེ་ལས་རྒྱུ་མཚན་ཆུང་བ་མི་སེམས། སྐུ་གསུང་ཐུགས་རྟེན་གྱི་སྐོར་ཡང་ཀོང་ཇོའི་ཐུགས་དམ་ཀྱི་རྟེན་དུ་གྲགས་པའི་སྒྲོལ་མ་གསུང་འབྱོན་མ་སྔོན་མོ། རྒྱལ་དབང་ལྔ་པ་ཆེན་པོའི་ཐུགས་དམ་གྱི་རྟེན་དུ་གྲགས་པའི་ང་འགྲོ་གསུང་འབྱོན་མ། མི་དབང་བསོད་ནམས་སྟོབས་རྒྱལ་གྱི་ཐུགས་དམ་གྱི་རྟེན་དུ་གྲགས་པའི་ཟི་ཁྱིམ་ལས་གྲུབ་པའི་སྒྲོལ་སྐུ། ལི་ཁྲ་ལས་གྲུབ་པའི་སྒྲོལ་དཀར་ཡིད་བཞིན་འཁོར་ལོ། གཞན་ཡང་སྒྲོལ་མ་ཇ་བརྒྱ་མ་སོགས་ནང་རྟེན་འགངས་ཆེན་བཞུགས་ཀྱང་། མང་ཆེ་བ་རིག་གསར་སྐབས་སུ་གཏོར་བརླག་ཤོར། ད་ལྟ་ནི་བསྟན་པའི་མེ་རོ་གསོས་ཏེ། དགོན་པ་གཅིག ལག་འཁོར་དང་མཆོད་རྟེན་གསར་བཞེངས་དུ་མ། སྔར་གྱི་རྟེན་གཙོ་རྣམས་དང་། དགེ་འདུན་གྱི་ཞལ་གྲངས་སུམ་ཅུའི་སྐོར་བཞུགས་སོ། །