རང་བྱུང་རི་སྐྱེས་སྲོག་ཆགས་བྱ་རིགས་སོགས། ། བག་ཡངས་བདེ་བར་འཚོ་བའི་ཞིང་ཁམས་ཤིག།

རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 03-27


        རྫ་ཆུ་ཁ་ལ་ཕྱོགས་ཀྱི་ཡུལ་སྐོར་བ་དག་གིས་སྲོག་ཆགས་ཀྱི་ཞིང་ཁམས་ཞེས་པའི་བསྔགས་བརྗོད་ཀྱི་མཚན་བྱང་གནང་ཡོད་ཅིང་གནང་པ་དོན་ལའང་གནས་ཏེ། འཛམ་གླིང་རང་བཞིན་གྱི་སྲུང་སྐྱོབ་ཐོབ་ཅིང་འཇིག་རྟེན་ཁམས་ནས་རྒྱུད་ཆད་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་རྩ་ཆེན་མང་པོ་ཞིག་ཡོད་དོ། །
ཁྲུང་ཁྲུང་སྐེ་ནག
འཛམ་གླིང་ན་གྲངས་500ཙམ་ལས་མེད་པའི་རྩ་ཆེན་བྱ་རིགས་ཁྲུང་ཁྲུང་སྐེ་ནག་100ལྷག་ཅིག་ཨ་དིལ་མཚོ་སོགས་སུ་ཡོད་ཅིང་། དེ་བཞིན་བྱ་རྒོད་དང་། གླག གོ་བོ། ཁྲ། སྐྱུང་ཀ ཕུག་རོན། ཕོ་རོག གོང་མོ། འུག་པ། འོལ་བ། ནེ་ལེ། སྲིན་བྱ། སྲེག་པ། ཁྲ་མ་གླག དབྱར་དུས་སུ་ཁུ་བྱུག་དང་། ཁྲུང་ཁྲུང་སོགས་བྱ་རིགས་སྣ་ཚོགས་དང་། གཞན་ཕ་ཝང་དང་། པི་ཤུད། འོ་བྱེའུ། ཁ་ལ་ཡུག མཆིལ་བ། ཅོ་ཀ་སོགས་བྱེའུ་རིགས་འདྲ་མིན། དབྱར་དུས་སུ་སྦྲང་མ་དང་། ཆ་ག་བ། ཕྱེ་མ་ལེབ། བྱང་ཁྲ་སོགས་འབུ་སྲིན་གྱི་རིགས་གྲངས་མེད། སྦལ་བ་དང་སྦྲུལ་ཆུང་ངུ་། འགོང་པོ་ནག་སྡེར་སོགས་སྡོམ་རིགས་སྣ་ཚོགས་དང་ཆུའི་ནང་དུ་གསེར་ཉ་དང་འདམ་ཉ་སོགས་འཕུར་ལྡིང་གར་གྱིས་མྱོས་ཤིང་དབྱངས་སྙན་དར་དིར་སྒྲོག་བཞིན་པ་ནི་རང་བྱུང་སྣོད་ཀྱི་མཆོད་རྟེན་ལ་མཛེས་སྡུག་མུ་ཏིག་གི་རྒྱན་ཆས་ཕྲ་བཏབ་པ་དང་ཀུན་ནས་མཚུངས་སོ། །
ཤྭ་བ་མཆུ་དཀར།
རྫ་ཆུ་ཁར་མདོ་དབུས་མཐོ་སྒང་ན་མ་གཏོགས་མེད་པ་སྟེ་འཛམ་གླིང་ནས་རྒྱུད་ཆད་ལ་ཉེ་བའི་ཤྭ་བ་མཆུ་དཀར་དང་། ཤྭ་བ་དིང་དཀར་སོགས་ཤྭ་རིགས་འདྲ་མིན་དང་། དེ་བཞིན་དུ་རྒྱ་ཆེ་ཞིང་མཐའ་ཡངས་པའི་བྱང་ཐང་དང་དཔངས་བཙན་ཞིང་ལ་གཟར་བའི་རི་རྫ་བྲག་གསུམ་སོགས་སུ་འབྲོང་དང་། རྐྱང་། རྒོ་བ་གནའ་བ། གླ་བ། ཁ་ཤྭ། དྲེད་མོང་། སྤྱང་ཀི ཝ། སྦེ། གཡི་དཀར། གྲུམ་པ། རི་བོང་འཕྱི་བ་སོགས་རི་དྭགས་དང་གཅན་གཟན་གྱི་རིགས་ཇི་སྙེད་ཅིག་ཡུལ་གྲུ་འདིའི་རྫ་བྲག་སྤང་གསུམ་དུ་རྔོན་པའི་སྡིག་བོའུ་ཡི་ཉེར་འཚེ་དང་ཡོངས་སུ་བྲལ་ཏེ་སོས་དལ་བག་ཕེབས་ངང་འཚོ་ཞིང་གནས་ཡོད་དོ། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1