གངས་རིའི་བླ་སྲོགབཀྲ་ཤིས་ཀྱིས་བརྩམས་པའི་《གངས་རི་ལ་དབང་བའི་ཁ་བའི་འདབ་མ།》ཞེས་པ་བཀླགས་རྗེས།

དཀོན་མཆོག་རྡོ་རྗེ། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།ཁ་བཏགས་དཀར་པོ། སྤེལ་དུས། 03-27


ཁ་སྔོན་གྲོགས་པོ་བཀྲ་ཤིས་ལགས་ཀྱིས་གནང་བའི་《གངས་རི་ལ་དབང་བའི་ཁ་བའི་འདབ་མ།》ཞེས་པའི་རྩོམ་དེབ་ཞིག་ལག་ཏུ་འབྱོར་བས་སྤྲོ་བ་ལྷག་ཏུ་བརྟས། རྒྱུ་མཚན་ནི་སྤྱི་ཁམས་ཕྱོགས་སུ་བོད་ཡིག་ཐོག་ནས་གསར་རྩོམ་འབྲི་མཁན་ཉུང་བ་དང་དགོས་སུ་བོད་ཡིག་གི་རྩོམ་དེབ་པར་སྐྲུན་ཐུབ་མཁན་ཧ་ཅང་ཉུང་བས་སོ། །གངས་དབང་བཀྲ་ཤིས་ནི་ཉེ་རབས་སུ་འཚར་ལོངས་བྱུང་བའི་ཕུལ་བྱུང་གི་བོད་ཀྱི་རྩོམ་པ་པོ་ཞིག་དང་། བསམ་བློ་དང་ཡོན་ཚད། མི་རྒྱུ་དང་འཇོན་ཐང་། ཀུན་སྤྱོད་དང་གཤིས་ཀ་དྲུག་ལྡན་གྱི་དེང་རབས་བོད་མིའི་མིག་དཔེ་ཞིག་ཏུ་འཛིན་ན་ངོ་གནོང་མི་དགོས་སྙམ།

བོད་ཀྱི་རྩོམ་པ་པོ་ཞིག་ལ་མཚོན་ན། ཁ་ཞེ་གཉིས་མེད་ཀྱིས་རང་རིགས་ལ་བློ་བ་དཀར་ཞིང་། རང་ཡུལ་ལ་བརྩེ་བ་ཟབ་པ། ལྷག་པར་དུ་མི་རྒྱུ་ཧ་ཅང་བཟང་པོ་ཞིག་མེད་ན་མི་སེམས་འགུག་པ་དང་། གཞན་ལ་སྐུལ་མ་ཐེབས་པའི་རྩོམ་ཡིག་ཞིག་ཡོང་དཀའ་སྙམ། ད་ལྟའི་རྩོམ་པ་པོ་མང་པོ་ཞིག་གི་ཁོག་ནས་དྲན་རྒྱུ་དང་ཡིག་ཐོག་འགོད་རྒྱུ་ཐ་དད་ཡིན་པས་འཚོ་བ་དངོས་དང་སྙིང་ཁོང་རུས་པའི་གཏིང་ནས་བརྡོལ་བའི་སྤུས་ལེགས་ཀྱི་རྩོམ་ཡིག་ནི་ཇེ་ཉུང་ནས་ཇེ་ཉུང་དུ་ཕྱིན། འོན་ཏེ། གངས་དབང་བཀྲ་ཤིས་ཀྱི་རྩོམ་ཡིག་རེ་རེ་དང་ཡིག་འབྲུ་རེ་རེའི་བར་གསེང་དུ་ཁོ་རང་གིས་རང་ཡུལ་ལ་བཅངས་པའི་འཕྲེང་སེམས་དང་རང་རིགས་ལ་ཞེན་པའི་དུངས་སེམས་མཐོང་ཐུབ་པར་མ་ཟད་ཁོ་རང་གི་མི་རྒྱུ་དང་གཤིས་ཁམས་ཀྱང་ཕྱི་གསལ་ནང་གཙང་ཡིན་མིན་པར་རྟོགས་ནུས།

དང་པོ། རང་ཡུལ་ལ་བཅངས་པའི་འཕྲེང་སེམས།

སྤྱིར་རྩོམ་པ་པོ་ཞིག་གི་བརྩམས་ཆོས་ནང་ཕ་ཡུལ་དང་འབྲེལ་བའི་རྩོམ་ཡིག་བཀོད་པ་ལ་ཧ་ལས་པ་དང་ཡ་མཚན་དགོས་པ་ཞིག་མེད་མོད། འོན་ཏེ། སྙིང་ཁོང་རུས་པའི་གཏིང་ནས་ཕ་ཡུལ་ལ་བཅངས་པའི་བརྩེ་བ་མཚོན་པའི་རྩོམ་ཡིག་ཅིག་བྲིས་ན་མི་སེམས་དབང་མེད་ཏུ་བཀུག་པའི་ནུས་པ་ཅིས་མི་ལྡན། བཀྲ་ཤིས་ཀྱི་རྩོམ་ཡིག《ཡུལ་གྱི་རི་ཆུ། མི་ཡི་ལུས་སེམས།》ཞེས་པའི་ནང་དུ་དམ་པའི་ཆོས་ཀྱི་དར་ཆ་བསྒྲེངས་ས། འཇིག་རྟེན་ལུགས་ཀྱི་གཡང་འཁོར་བའི་ཡུལ་གྲུ་ཆུང་ངུ་དེ་ནི་ངས་ཐེངས་དང་པོ་ཨ་མ་འབོད་ས་དང་ཐོག་མར་ཨ་ཕའི་རྒྱབ་ཏུ་འབྱར་ཏེ་ངུ་ངག་ཤོར་ས་ཡིན་ཞེས་དང་། ཟ་ཚད་འཐུང་ཚད་བརྗེད་ན་ཡང་། ཨ་མའི་ནུ་ཞོ་བརྗེད་རྒྱུ་མེད། གྱོན་ཟད་གཡོགས་ཚད་ཧྲལ་ན་ཡང་། ཨ་ཕའི་ཀོ་ལྷམ་རལ་རྒྱུ་མེད་ཞེས་པ་སོགས་ལས་ཕ་ཡུལ་དང་ཕ་མ་ལ་བཅངས་པའི་བརྩེ་བ་མཚོན་ནུས།《 ཆུ་བོ་དང་། ཟམ་པ། མི།》ཞེས་པའི་རྩོམ་ཡིག་ནང་ཕ་ཡུལ་གྱི་སྲོལ་རྒྱུན་དང་ཕྱི་རོལ་ཡུལ་གྱི་འབྲེལ་འདྲིས་ལས་སྲོལ་རྒྱུན་དང་དེང་རབས་བསམ་བློའི་འགལ་འདུ་དང་འགྱུར་ལྡོག་མཚོན། དུས་རྒྱུན་ཕྱི་ལ་འགྲོ་ལམ་གཅིག་ཏུ་བགྲོད་པའི་མི་རྣམས་དང་རྩོད་པ་བྱེད་ནའང་འདྲ། ནང་དུ་ཤ་རུས་གཅིག་པའི་སྤུན་ཟླ་ཚོ་ལ་བགྲོ་གླེང་བྱེད་ཀྱང་རུང་། ང་ཚོའི་མིག་ལམ་དུ་རི་ཆུའི་སྣེ་མོ་སྦྲེལ་བའི་འཇའ་ཚོན་ལྟར་འཆར་ཞིང་ཡལ་རྒྱུ་མེད་པ་ནི་ཆེ་རྒྱུ་མེད་ལ་ཆུང་ཡང་མི་སྲིད་པའི་ཕ་ཡུལ་གྱི་ཟམ་པ་དེ་ཡིན། ཟམ་པ་དེ་ནི་ངའི་ཨ་མེས་ཡང་མེས་ཚོས་ཤ་ཟད་ཁྲག་དང་ཁྲག་ཟད་རུས་ཀྱིས་ཆུ་བོའི་ཐོག་ལ་བརྐྱངས་པའི་ཤིང་ཟམ་ཞིག་ཡིན་པས་བསྟོད་སྨད་གཉིས་ཀའི་ཡུལ་དུ་གྱུར་མོད། ང་དང་ངའི་ཕུ་ནུ་མིང་སྲིང་ཚོས་ཟམ་པ་དེ་ལ་བརྟེན་ནས་ཕྱི་རོལ་འཇིག་རྟེན་དུ་བགྲོད་པས་གཞི་ནས་ཅི་ཞིག་ལ་ངོ་ཚ་དང་གྱོང་གུད། གང་ཞིག་ལ་རྒྱལ་ཁ་དང་གཟི་བརྗིད་ཤེས་ཏེ་རང་ངོ་རང་གིས་མཐོང་། རང་རྒྱུས་རང་གིས་ལོན་པ་རེད་ཅེས་དང་། གཞན་ཡང་《ང་འགྲོ་དུས། ཁོང་ཚོས་འདི་ལྟར་གསུངས།》ཞེས་པའི་རྩོམ་ཡིག་ནང་། དབུ་སྐྲ་དུང་ལྟར་དཀར་ཞིང་སྐུ་གཟུགས་གཞུ་བཞིན་གུག་པའི་རྒས་འཁོགས་དག་གིས་ལག་གཡས་འཁར་བར་བརྟེན། ལག་གཡོན་གྱིས་མ་ཎིའི་ཕྲེང་རྡོག་བགྲང་བཞིན་ན་རེ། ཕ་བཟང་གི་བུ་རྒྱུད་ཅེས་པ་འདི་ལྟར་དགོས། བྱ་རྒོད་པོའི་གཤོག་རྩལ་སྦྱོང་ས་ཨ་སྔོན་དགུང་དང་། བུ་དཔའ་བོའི་རིག་རྩལ་བརྡར་ས་ཕྱིའི་རྒྱལ་ཁམས་ཡིན། རེད་དེ། ཁྲ་ཁྲ་རིག་རིག་གི་ཕྱི་རོལ་འཇིག་རྟེན་གྱི་ལྟད་མོ་མཐོང་རྗེས་ལྟེ་ཁྲག་འཕོ་ཡུལ་གྱི་ལུང་ཁུག་འདིར་ཞེ་མ་ལོག་ཨང་། མི་རབས་ནས་མི་རབས་བརྒྱུད་དེ་ལུང་པ་འདི་ནས་སྐྱེས་ཤིང་རྒས་པའི་ལས་དབང་ལ་འགོ་བརྗོད་གསར་པ་ཞིག་དང་། རྟེན་འབྲེལ་དགུ་འགྲིག་གི་ཆེད་དུ་ན་མཉམ་ཚོ་ལ་མིག་དཔེ་ཞིག་གྱིས་དང་། ང་ཚོ་རྒན་རབས་རྣམས་ཀྱིས་རི་མགོ་ནས་རླུང་རྟ་གསོ་ཞིང་། རི་འདབས་ནས་གསོལ་བ་འདེབས་ཆོག་ཅེས་གསུངས་ཞེས་པའི་རྩོམ་ཡིག་ནང་། ཕ་མ་དང་ཡུལ་མིའི་རེ་བ་ཆེ་ཤོས་ནི་ཕྱི་རུ་ཡོང་ནས་ཤེས་ཡོན་རིག་གནས་སྦྱོང་འགྲོ་དགོས་པ་ནི་དུས་བབས་ཀྱི་གནས་ཚུལ་ཞིག་ཡིན་རུང་། ནམ་ཡང་ཕ་ཡུལ་བརྗེད་མི་རུང་བའི་བསླབ་བྱ་ནི་མི་རབས་ནས་མི་རབས་རྒྱུད་པའི་སྲོལ་རྒྱུན་ཞིག་ཡིན་པ་རྟོགས་སླ།

གཉིས་པ། རང་རིགས་ལ་ཞེན་པའི་དུངས་སེམས།

སྤྱིར་རྩོམ་པ་པོ་སུ་ཞིག་ཡིན་རུང་རང་རིགས་ལ་ཞེན་ཞིང་རང་རིགས་འཕྲེང་སེམས་ཟབ་མོ་བཅངས་མེད་ན་གཞན་ལ་སྐུལ་མ་ཐེབས་པའི་རྩོམ་ཡིག་ཞིག་གང་ནས་འཁྲུངས་ནུས། བཀྲ་ཤིས་ཀྱིས་བྲིས་པའི་《མཚོ་སྔོན་པོ་ལ་ཕུལ་བའི་མཇལ་དར་དང་།》 《 རྡོ་ལ་བརྡབས་པའི་བུམ་པ་ཞིག》 《 ནམ་ཡང་གསོན་པའི་རྣམ་ཤེས་ཤིག》 《 རྡོ་རིང་དང་མེ་ལོང་། 》 《 གཉིད་དཀྲོགས་པའི་རྨི་ལམ། 》 《 མདོ་གྲོང་གི་ལྟད་མོ། 》 《 ང་དང་ངའི་མེ་ཏོག་ཚོ།》སོགས་ཀྱི་རྩོམ་ཡིག་ནང་རང་རིགས་ལ་ཞེན་སེམས་ཆེ་བ་དང་། རང་རིགས་ཀྱི་བདེ་སྡུག་བསམ་བློ་གཏོང་བ། རང་རིགས་ཀྱི་མདུན་ལམ་ལ་མནོ་བསམ་འཁོར་བ་ནི་ཁ་ཙམ་མིན་པ་ཞེ་རྟིང་ནས་ཡིན་པ་ཤེས་ཐུབ། དཔེར་ན་《རྡོ་རིང་དང་མེ་ལོང་།》ཞེས་པ་ལས། བྱམས་སྙིང་རྗེའི་ཁོར་ཡུག་ཏུ་ལྟེ་ཁྲག་འཕོས་ཤིང་བདག་གཞན་མཉམ་བརྗེའི་མཁའ་རླུང་གཙང་མས་ཡིད་སེམས་བརླན་ཏེ་སྐྱེས་པ་ཕོ་ཞིག་ཏུ་འཚར་ལོངས་བྱུང་བའི་ཉེར་ལེན་གྱི་རྒྱུ་བཟང་པོ་ཞིག་རྙེད། བྱུང་ཚད་ལས་དབང་ལ་ཁག་དཀྲི་བའི་རྒན་རྒོན་རྣམས་ཀྱི་ཞལ་ལས་འདྲེ་དང་བདུད་ཅེས་པའི་ལྐོག་གསང་ཅན་གྱི་ཐ་སྙད་མང་པོ་ཞིག་གིས་བྱིས་པའི་ཀླད་རྩ་རུ་ཡོ་ལང་བརྒྱབ། འབྱུང་རྒུ་བསམ་སྦྱོར་ལ་རག་ལས་པར་འདོད་པའི་ན་གཞོན་རྣམས་ཀྱི་བློ་སྤོབས་ལས་ང་རྒྱལ་དང་ཡིད་ཆེས་ཀྱིས་རྐང་འོག་གི་ས་ལམ་དང་མགོ་ཐོག་གི་མཁའ་ལམ་ལ་ཁ་ལོ་བསྒྱུར་ཐུབ་པའི་གདེང་ཚོད་སྐྱེས་པས་གནའ་ཉམས་དོད་པའི་ལུང་ཁུག་དེ་ལ་གྱེས་ཕྱག་འཚལ་ཞིང་། སྨུག་སྤྲིན་གྱིས་མཚམས་བཅད་པའི་རི་བོ་མཐོན་པོ་དེ་བརྒལ་ཏེ་གནའ་སྲོལ་ཉམས་བཞིན་པའི་རི་གྲོང་ཞིག་ཏུ་སླེབས། ཡུལ་དེ་ནི་ངག་རྒྱུན་དུ་བཤད་པ་ལྟར་ངོ་མཚར་གྱིས་ཁེངས་ཡོད་མོད་མ་ཎི་འབྲུ་དྲུག་གི་སྒྲ་ཐན་ཐོན་ཙམ་ལས་གེ་སར་གྱི་དབྱངས་རྟ་ལེན་མཁན་མེད་ལ་ཕ་ཨ་ཁུའི་གཏམ་རྒྱུད་ཀྱང་ཐོས་རྒྱུ་མེད་པར་ཚང་མས་ཅི་ཞིག་གི་དོན་དུ་ཕར་རྒྱུག་ཚུར་འོང་བྱེད་གིན་འདུག རིག་སྟོབས་མ་རྒྱས་པའི་ན་གཞོན་ཞིག་ཡིན་ན་གཞན་རྗེས་འབྲངས་ཏེ་ལད་ཟློས་ཀྱིས་འཁོར་ལོ་བསྐོར་བ་ལས་ཁེར་ཚུགས་ཀྱི་རང་གཤིས་མེད་ལ་རང་རྐྱ་འཕེར་བའི་བསམ་གཞིག་ཀྱང་བྲལ་བས་ཁོང་གིས་ཀྱང་ལྟོ་གོས་འབའ་ཞིག་དོན་གཉེར་བའི་ལམ་བུར་འཚང་ཁ་རྒྱག་འགོ་བརྩམས། སྲིད་པ་འདི་རུ་འགྲོ་ལམ་སྣ་ཚོགས་མཆིས་ཤིང་ལ་ལ་ནི་དམྱལ་བ་ནས་ལྷ་ཡུལ་དུ་བསྲིངས་ཡོད་ལ་འགའ་ཞིག་ནི་ལྷ་ཡུལ་ནས་དམྱལ་བར་རུ་བརྐྱངས་ཡོད། ལམ་སྣ་བོར་ཏེ་ཅི་བྱ་གཏོལ་མེད་ཀྱི་མི་ཞིག་ལ་མཚོན་ན། ཡིན་མིན་གྱི་བར་ལ་རྡོ་རིང་དང་ལེགས་ཉེས་ཀྱི་མཚམས་སུ་མེ་ལོང་ཞིག་ཡོད་ན་ཕ་ཨ་ཁུ་རྣམས་ཀྱི་ཕྱི་ནང་གསང་གསུམ་རྗེན་པར་མཐོང་ཐུབ།”གོང་གི་བརྗོད་དོན་རེ་རེ་ལས་བརྩམས་པ་པོའི་བསམ་བློ་མཚོན་ཞིང་། མི་རིགས་ཀྱི་འབྱུང་འགྱུར་དང་རིག་གནས་དང་སློབ་གསོ་ནི་མི་རིགས་ཤིག་གི་སྲོག་རྩ་ཡིན་པ་བསྟན་ཡོད།

གསུམ་པ། རང་སྐད་ལ་རེ་བའི་དད་སེམས།

བཀྲ་ཤིས་ཀྱི་དེབ་འདིའི་རྩོམ་ཡིག་ལྔ་བཅུའི་ནང་རང་ཡུལ་དང་རང་རིགས་ཀྱི་དུང་བ་ཟབ་མོ་མཚོན་པར་མ་ཟད་ད་དུང་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་ནི་བརྗོད་བྱེད་ཀྱི་ཚིག་སྙན་ལ་བོད་རང་གི་ངག་རྒྱུན་གྱི་ཁྱད་ཆོས་དམིགས་སུ་ཐོན་ཞིང་། གོ་བདེ་ལ་བརྗོད་བདེ་བ། བོད་ཀྱི་བརྡ་སྤྲོད་དང་མཐུན་ཞིང་རྩོམ་ཡིག་གི་མགོ་ནས་མཇུག་པར་དགོས་མེད་ཚིག་ཚོགས་ཉུང་ལ། གབ་ཚིག་དང་མངོན་བརྗོད་ཀྱིས་ཀྱང་དམ་དུ་མ་བསྒྲིལ་བར་སྐབས་མཚམས་སུ་བོད་ཀྱི་དཔེ་མཚུངས་ཀྱི་གཏམ་དཔེ་དང་། དམངས་ཁྲོད་ཀྱི་སྒྲུང་དང་ལ་གླུ། ས་ཁྱབ་རྡོ་ཁྱབ་ཏུ་གྱུར་པའི་ཡབ་མེས་ཚོའི་ཞལ་གདམས་དང་བསླབ་བྱ་སོགས་ཀྱིས་འོས་འཚམས་སུ་སྤུད་ནས་བརྗོད་བྱའི་དོན་གཙོ་བོ་དེ་རང་ཤུགས་སུ་གོ་བདེ་ལ་སྙན་ཆ་དང་ཉམས་འགྱུར་ཞིག་ལྡན་ཡོད། 《 རྡོ་རིང་དང་མེ་ལོང་།》ཞེས་པ་ལས། གསེར་གྱི་རྡོ་རིང་དེ་ནི་གངས་ཏི་སེའི་འདབས་ནས་གཡག་རོག་པོའི་རྒྱབ་ལ་བཀལ་ཏེ་ཡུམ་བུ་བརླ་མཁར་གྱི་མདུན་དུ་བཞེངས་ཀྱང་དམར་རླུང་དང་ཐལ་རླུང་འཚུབས་པས་བྱེ་མའི་ཁྲོད་དུ་གསལ་ལ་མི་གསལ་བའི་ཚུལ་དུ་སྣང་། གཡུ་ཡི་མེ་ལོང་དེ་ནི་ཡར་ཀླུང་གི་རྒྱུད་ནས་གཙང་པོས་ཁྱེར་ཏེ་པོ་ཏ་ལའི་གྱང་ངོས་སུ་བཀལ་ཡང་ཁ་ཆར་རླུང་གསུམ་གྱིས་གཙེས་པས་རང་ངོ་གསལ་པོར་མཐོང་མ་ཐུབ། ཞེས་དང་ཕ་བཟང་གི་བུ་ལ་རིགས་བཟང་གི་གཏམ་ཡོད། མ་བཟང་གི་བུ་མོར་རྒྱུད་བཟང་གི་ངག་ཡོད་ཅེས་པ་ལྟར་ས་ཆུ་རླུང་གསུམ་གྱི་གསེར་ཞུན་གྱི་ཐིགས་པ་ལྟ་བུའི་གཏམ་ནི་དུས་སུ་འབབ་པའི་ཆར་པ་རེད། འདས་པ་ནི་ལོ་རྒྱུས་ཡིན་ཡང་། ལོ་རྒྱུས་ནི་ནམ་ཡང་འདས་མེད། སུ་ཡིས་ལོ་རྒྱུས་ཀྱི་ཁེ་གྱོང་ལ་སྣང་དག་མ་བཏང་ན་། དེ་ཡི་འབྱུང་འགྱུར་ལ་ཐར་ལམ་མེད་ཞེས་པ་སོགས་ཀློག་སྣང་སྤྲོའི་ཚིག་འདི་དག་སྐབས་འགར་ཕ་མས་བཤད་པའི་གཏམ་རྒྱུད་ཞིག་དང་འདྲ་ལ་སྐབས་འགར་མཁས་པས་བཤད་པའི་ལེགས་བཤད་ཞིག་དང་མཚུངས།《རི་སྐྱེས་མེ་ཏོག 》 ཞེས་པ་ལས། འདི་ནས་ཡར་བལྟས་ན་དགུང་སྔོན་གྱི་མཐའ་མཚམས་སུ་མཆོད་པ་སྤུངས་པ་འདྲ་བོའི་གངས་རི་དཀར་པོ་ཞིག་འདུག དེ་ནི་རྫ་རི་དང་གཡའ་རི། སྤང་རི་དང་བཅས་ཀྱིས་གོང་དུ་བཏེགས་པས་ད་གཟོད་ལྷུན་ཞིང་བརྗིད་ལ་བརྟན་ཞིང་འཇགས། གནའ་དུས་སུ་གཡག་དང་གླང་གིས་རྡུང་ག་ཆེན་པོ་ཞིག་བརྒྱབ་མཐར་གངས་རིའི་འདབས་ཀྱི་རྫ་རི་དང་སྤང་རིའི་བར་ལ་གད་པ་ཆེན་པོ་ཞིག་ཆགས་ནའང་དབུས་ཀྱི་རི་རྒྱལ་ལྷུན་པོ་ལ་འགྱུར་བ་མེད་པས་ཉི་ཟླའི་འཁོར་ཕྱོགས་ནོར་མ་མྱོང་། དུས་ནམ་ཞིག་གི་ཚེ། གད་པའི་ཁ་ལ་མེ་ཏོག་ཆུང་ངུ་ཞིག་སྐྱེས་ལ་མེ་ཏོག་དེ་ནི་སྙིང་རྗེ་ལ་ཤ་ཚ་བ་ཞིག་རེད།ཁ་བ་དང་ཆར་རླུང་ཁྲོད་དུ་ཐོག་མར་སྲ་མཁྲེགས་ཀྱི་ས་གཞི་བརྟོལ་ཏེ་མགོ་བོ་འཇིག་རྟེན་དུ་མངོན་དུས་ཕྱི་ནང་གང་གི་ཆ་ལ་བལྟས་ནའང་རྩྭ་ལྡུམ་དང་གཅིག་པ་གཅིག་རྐྱང་ལས་ཁྱད་གཤིས་གང་ཡང་མེད་མོད། ཁོང་གིས་རང་ཉིད་ནི་ཉི་ཟླའི་འོད་ཟེར་འཕྲོ་བརླག་དང་། ཆར་ཆུའི་བདུད་རྩི་ཆུད་ཟོས་སུ་བཏང་བའི་རྩྭ་ལྡུམ་ཞིག་མིན་པར་མཐོ་སྒང་གི་རི་བོ་ལ་མེ་ཏོག་ཅིག་གི་སྐྱེ་བ་བླངས་ཡོད་པས་ཞིམ་མངར་གྱི་དྲི་བསུང་འཐུལ་ཏེ་རང་ཉིད་ནི་ཚེ་སྲོག་ལྡན་པའི་མེ་ཏོག་ཅིག་ཡིན་པ་རྟགས་ཀྱིས་བསྟན་དགོས་སྙམ།”ཞེས་དང་ །《འབྲོག་ཁྱི་དང་བགྲོ་བའི་གཏམ། 》 ཁྱེད་རང་སྟག་གཟིག་གི་འཇིགས་སྐུལ་གཞོམ་པའི་རྫ་རིའི་གཡུལ་ས་དང་སྤྱང་ཁྱིའི་བསླུ་བྲིད་ལྡོག་པའི་སྤང་རིའི་འཐབ་ར་དང་རྒྱབ་གཏད་དེ་ཨར་འདམ་དང་རྣོ་ལྕགས་ཀྱི་ཕོ་བྲང་དུ་ཏིང་ངེ་འཛིན་བསྒོམས་པ་ནས་བཟུང་། སྦྲ་ནག་གི་རྨི་ལམ་དཀྲོག་མཁན་མེད་ལ་ཞོགས་པའི་ཟིལ་མ་གཏོར་མཁན་མེད། ཚངས་མགུར་ཡང་འགུགས་མཁན་མེད་པས་མཆེ་བ་གཙིགས་བཞིན་པའི་གཅན་གཟན་རྣམས་གྲགས་འགུལ་མེད་པའི་རི་རྩེའི་ཐོ་ཡོར་གྱི་རྒྱབ་ཏུ་ཡིབས་ཏེ་ཅི་ཞིག་ལ་རེ་སྒུག་བྱེད་འདུག བཟའ་བཏུང་ལ་སེམས་ཁྲལ་མི་དགོས་པའི་གཞན་བརྟེན་གྱི་འཚོ་བ་ནི་བདེ་སྐྱིད་དུ་སྣང་ཡང་དོན་དུ་དེ་ནི་སེམས་ཀྱིས་མྱོང་བ་ལས་ཁ་ནས་བཤད་མི་ཐུབ་པའི་སྡུག་བསྔལ་ཞིག་ལགས། ཁྱེད་སོང་ཤུལ་དུ་གཡང་དཀར་ལུག་ཀྱང་སླར་ཡང་གུས་གུས་ཞུམ་ཞུམ་གྱིས་འཚོ་བ་བཞེས་དགོས་ལ་ཅེ་སྤྱང་ཝ་མོས་ཀྱང་རྔ་མ་གྱེན་དུ་གཟེངས་ཏེ་འདུར་རྒྱུགས་བྱེད་འགོ་བརྩམས་པས་ཁྱེད་ཀྱིས་སྤྱང་ལྤགས་ཧྲལ་ཏེ་བདག་པོ་རྙིང་པའི་སྲོག་བླུས་པའི་གཏམ་རྒྱུད་ནི་ཁ་བའི་ཁྲོད་དུ་སིམ་པའི་གསུང་སྒྲོས་ཙམ་དུ་ལུས། གསར་འགྲོགས་ལ་མཁས་པའི་བདག་པོས་ཐབས་མཁས་ཀྱིས་ཁྱེད་དང་རྒྱ་ཁྱི་མགོ་གཟེངས་ལས་མགོ་བོ་ལེབ་ལེབ། སུག་པ་ཐུང་ཐུང་། རྣ་བ་ཕྲ་ཕྲ་ཅན་གྱི་ཕུང་གསུམ་པ་ཞིག་འཁྲུངས་པ་དེས་གྲུ་ག་སོ་སོ་ནས་ཡ་མ་བརླ་ཡི་ཟུག་སྐད་གཏོང་ཐེངས་རེ་རེར་ང་ལ་བཟོད་སྒོམ་བྲལ་བའི་ན་ཟུག་སྐྱེས་ཤིང་། ཁྱེད་དང་མཉམ་དུ་ཁ་ཆར་བུ་ཡུག་ཁྲོད་དུ་དཔུང་པ་མཉམ་གཤིབ་བྱས་མྱོང་བའི་གཡག་རོག་པོ་དེས་ཀྱང་ཅི་ཞིག་དང་གསོན་བྲལ་བྱས་ཤིང་གང་ཞིག་གིས་འཇབ་རྒོལ་བྱེད་པའི་སྐྱོ་ཉམས་ཤིག་བསྟན་འདུག

བཀྲ་ཤིས་ཀྱི་རྩོམ་ཡིག་བཀླག་ན་ཁྱེད་རང་མྱུར་བར་གངས་རི་དང་རྩྭ་ཐང་དུ་ཁྲིད་ཅིང་། གངས་རིའི་རང་མདངས་ཉམས་སུ་མྱོང་ཐུབ་ལ་རྩྭ་སྔོའི་དྲི་མ་སྣ་རུ་སྣམ་ནུས།

བཀྲ་ཤིས་ཀྱི་རྩོམ་ཡིག་བཀླག་ན་ཁྱེད་རང་མྱུར་བར་འབྲོག་སྡེ་དང་སྦྲ་ཁྱིམ་དུ་ཁྲིད་ཅིང་། འབྲོག་པའི་སྒོ་རའི་ནང་གི་ལྕི་བའི་དྲི་མ་དང་མར་རྩམ་གྱི་དྲི་བཟང་ཡང་སྣམ་ཐུབ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1