གླེང་གཞི།
མི་རིགས་གང་ཞིག་གི་རྩོམ་རིག་གི་ཆུ་ཚད་ནི་གཙོ་བོ་བརྩམས་སྒྲུང་གི་སྟེང་ནས་གཞལ་དགོས་ལ། བརྩམས་སྒྲུང་གིས་མི་རིགས་དེའི་འཚོ་བ་དང་གོམས་སྲོལ། རིག་གནས་སོགས་མཚོན་ཐུབ་པས་བོད་ཀྱི་རྩོམ་རིག་ཐོག་གོ་གནས་ངེས་ཅན་ཞིག་ཟིན་ཡོད། རྩོམ་པ་པོ་སྟག་འབུམ་རྒྱལ་གྱིས་ཁོ་རང་འཚོ་གཞེས་སྐབས་ཀྱི་སྤྱི་ཚོགས་སྣང་ཚུལ་སྣ་ཚོགས་རྩོམ་རིག་གི་བརྗོད་བྱར་བདམས་ཤིང་། མི་སྣའི་དགའ་སྐྱོ་ཆགས་སྡང་གི་ཚོར་བ་དང་ཡུལ་སྲོལ་གོམས་གཤིས་བྲིས་པ་བརྒྱུད་ནས་སྲོལ་རྒྱུན་གྱི་ལྟ་བ་རྙིང་བ་དང་། བག་འཁུམ། ཨུ་ཚུགས་ཀྱི་རང་གཤིས་སོགས་མི་རིགས་འདིའི་འཕེལ་རྒྱས་ལ་འགག་རྐྱེན་དུ་སྣང་བའི་རིགས་ལ་ཟུར་ཟ་དང་སུན་འབྱིན་བྱས་ཡོད། འདིར་སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་《ཨ་ཁུ་བསྟན་འཕེལ་གྱི་ཤི་རྐྱེན།》ཞེས་པའི་བརྗོད་བྱའི་བསམ་བློ་ལ་རགས་ཙམ་གླེང་བར་བྱ།
དང་པོ། རི་བོང་ཅལ་འདྲོགས་ལྟ་བུའི་བསམ་བློ།
མི་མང་པོ་ཞིག་ནི་བྱ་བ་ཅི་དང་ཅི་ཞིག་བསྒྲུབ་ཀྱང་རི་བོང་ཅལ་འདྲོགས་ཀྱི་རྗེས་སུ་འབྲང་རྒྱུ་ཧ་ཅང་དགའ་སྟེ། དཔེར་ན། སྐྱེས་བུ་དམ་པ་ཞིག་གིས་སྲོལ་རྒྱུན་གྱི་རིག་གནས་མཁོ་མེད་དུ་སྨྲ་ཞིང་དེས་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་པ་ཆེས་ཆེར་འདོན་མི་ཐུབ་པའི་གནས་ལུགས་ཤིག་བསྒྲགས་ན་མཁས་པས་གསུང་བ་ཅི་ཡང་བདེན་པའི་སྐད་ཆ་འདི་ལ་མི་མང་པོ་ཞིག་ཡིད་ཆེས་ནས་སྲོལ་རྒྱུན་རིག་གནས་ལ་དམའ་འབེབས་བྱེད་ཅི་ཐུབ་བྱེད་པ་དང་། ཡང་སྐྱེས་བུ་གཞན་ཞིག་གིས་སྲོལ་རྒྱུན་གྱི་རིག་གནས་ནི་མི་རིགས་ཤིག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན་པའི་དགེ་མཚན་མང་པོ་བརྗོད་པ་ན་མི་མང་པོ་ཞིག་གིས་བླ་མས་གང་བསྟན་ཤར་ལྟར་ཡང་སྲོལ་རྒྱུན་རིག་གནས་ལ་མཐོང་ཆེན་དང་སློབ་སྦྱོང་བྱེད་པའི་རྣམ་པ་དག་ནི་གཞན་གྱི་ཟེར་སྒྲོས་ལ་ཕྱོགས་པ་ལས་རང་རྐྱ་འཕེར་བའི་སྒོ་ནས་དོན་དག་དངོས་ལ་ཞིབ་དཔྱོད་དང་ལག་ལེན་བྱེད་མཁན་དག་ནི་ཧ་ཅང་དཀོན་པ་མངོན་གསལ་རེད། དེ་ནང་བཞིན་དུ་དེ་རིང་གི་སྐབས་སུ་བབས་པའི་བརྗོད་དོན《ཨ་ཁུ་བསྟན་འཕེལ་གྱི་ཤི་རྐྱེན།》ཁྲོད་དུ་ཡང་འདི་ལྟ་བུའི་རི་བོང་ཅལ་འདྲོགས་ཀྱི་ངང་ཚུལ་བསྟན་ཡོད་དེ། ཨ་ཁུ་བསྟན་འཕེལ་གྱིས་ནག་འབུར་མདོ་རུ་འདྲེ་འདུག་ཅེས་པའི་གསར་འགྱུར་སྒྲོག་དུས་ཁོས་རང་གི་ནོར་ཁྱུ་ཅི་ཞིག་ལ་འཇིགས་སྐྲག་སྐྱེས་ཏེ་མདུན་ཕྱོགས་སུ་མི་འགྲོ་བ་དང་ཕྱིར་ལྡོག་གིས་ཞོགས་སོང་བ་ལས“འདྲེ”ཞེས་པ་དངོས་སུ་མཐོང་མེད་ལ། ནོར་ཁྱུ་ཕྱིར་ཞོགས་པའི་རྒྱུ་མཚན་ཡང་དག་གང་ལ་ཐུག་པ་ཡང་མ་ཤེས་པར་ནག་འབུར་མདོ་ན་འདྲེ་འདུག་པའི་གསར་འགྱུར་དེ་ལྟར་སྡེ་བ་ཡོངས་ལ་བསྒྲགས་སོང་། དེ་ནས་སྡེ་དཔོན་ཁོ་ཚང་གི་ནོར་ནག་འགའ་བཙལ་དུ་འགྲོ་བའི་ལམ་ཁར། ནོར་འཚོལ་མཁན་གྱི་གསར་བུ་ཞིག་གིས་སྡེ་དཔོན་ལ་སྐྲག་ཅིག་སྐུར་དགོས་སྙམ་སྟེ་བྲག་ལོག་ནས་རྡོ་ལོག་འགའ་འཕངས་པ་ལ་སྡེ་དཔོན་ལ་ཡང“འདྲེ”འདུག་པའི་རྣམ་རྟོག་སྐྱེས་པ་མ་ཟད། མཐའ་གཅིག་ཏུ་མིང་ལ“འདྲེ་རྡོ་རྒྱག”ཅེས་བཏགས་ནས་ལབ། དེས་ནག་ཞར་སྡེ་བ་ཡོངས་རྫོགས་ཟང་ཟིང་ལང་ལོང་དུ་གྱུར་ཅིང་མི་ཚང་ལ་ཧ་ལས་བ་དང་། རང་རང་སར་གཅིག་གིས་གཅིག་ལ་བཤད་དེ་ངོ་མ་བདེན་པར་སྣང་བ་ནི་རི་བོང་ཅལ་འདྲོགས་ལས་རྟ་དང་། མ་ཧེ། གླང་བོ་ཆེ། དོམ་སོགས་སྲོག་ཆགས་མང་པོ་ཅལ་ལ་འཇིགས་ནས་འབྲོ་བའི་རྣམ་པ་དང་ཡོངས་སུ་མཚུངས། ལེགས་ཉེས་བླང་དོར་གྱི་ཆ་ལ་དངོས་སུ་མི་ཞུགས་པར་བླུན་པོ་ཆུ་སྣ་གར་ཁྲིད་ཀྱི་རྗེས་སུ་འབྲངས་རྒྱུ་ནི་མི་རིགས་འདིའི་མི་མང་པོ་ཞིག་གི་སྟེང་ན་གནས་པའི་ཞན་ཆ་ཡིན་ལ། རྩོམ་པ་པོས་མི་དང་མིའི་བར་ན་བྱུང་དང་འབྱུང་བཞིན་པའི་འཚོ་བ་དངོས་ཀྱི་སྣང་ཚུལ་འདི་དག་སྒྲུང་གཏམ་ཐུང་ངུ་ཞིག་ལས་ཕྱིར་མངོན་ཞིང་། བརྗོད་པར་འདོད་པ་ཡང་ཨ་ཁུ་བསྟན་འཕེལ་དང་སྡེ་དཔོན་ལྟ་བུའི་མི་རེ་གཉིས་ཀྱི་དོན་མིན་པར་དེ་དག་གི་བྱ་བྱེད་དང་སྣང་བརྙན་ལས་འཕྲོས་ཏེ་མི་རིགས་འདིའི་རྒྱུན་གོམས་སུ་གྱུར་པའི་བྱ་བ་ལ་འཇུག་པའི་རྣམ་པ་བསྒྱུར་དགོས་པ་བསྟན་ཡོད་པ་ཤུགས་ནས་རྟོགས་དགོས།
གཉིས་པ། རྨོངས་དད་ཀྱི་བསམ་བློ།
ཆོས་ལུགས་དད་མོས་ཀྱིས་མི་དང་མིའི་བར་དང་། མི་དང་སྲོག་ཆགས་བར། མི་དང་རང་བྱུང་ཁམས་སོགས་ལ་འཆམ་མཐུན་དང་ཞི་བདེ་ཡི་ཁོར་ཡུག་ཅིག་བསྐྲུན་ཡོད་པ་དང་། སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་ཀྱི་དྲང་བདེན་གྱི་དགོངས་པ་ལ་ང་ཚོས་བརྩི་བཀུར་དང་གུས་བཀུར་ཡི་རངས་བྱ་འོས་མོད། འོན་ཀྱང་ཆོས་ལུགས་ལ་དད་པའི་འདུ་ཤེས་ཚད་ལས་བརྒལ་བ་འདིས་ལྡོག་ཕྱོགས་ཀྱི་ཞན་ཆ་ཞིག་ཀྱང་ཐོན་ཡོད་ཅིང་། སྟོན་ཀར། ཨ་ཁུ་བསྟན་འཕེལ་ལ་གློ་བུར་བའི་ནད་ལྕི་མོ་ཞིག་ཕོག་སྟེ་མལ་དུ་ལྷུང་བ་འདིའི་རྐྱེན་ནི་ཕལ་ཆེར་འདྲེས་གནོད་པ་འདྲ་ཞེས་ཨ་ཁུ་བསྟན་འཕེལ་ཚང་གིས་དགོན་པའི་བན་དེ་འགའ་གདན་དྲངས་ནས་བཅའ་བ་དང་རིམ་གྲོ་མང་དུ་བསྒྲུབས་ཀྱང་། ཅང་མ་འགོར་བར་ཨ་ཁུ་བསྟན་འཕེལ་ཚེ་ལས་འདས་སོང་བས་མི་ཚང་མ་ཧང་སངས་པར་གྱུར་བ་དང་། མི་རྣམས་ཀྱི་ཆེས་མཐའ་མཇུག་གི་སྡོམ་ཚིག་ནི་འདྲེ་རྒོད་དེ་ཡ་མེད་ཅིག་རེད།”“ད་ལྟ་ནག་འབུར་མདོ་ན་དངོས་ནས་འདྲེ་ཡོད་པ་འདྲ་ཟེར་བ་དེ་རེད། ང་ཚོའི་རང་གི་ཉེ་འགྲམ་གྱི་ཁོར་ཡུག་ལ་ཞིབ་ལྟ་དང་རྒྱུས་ལོན་བྱས་ནའང་འདི་ལྟ་བུའི་སྣང་ཚུལ་མང་དུ་མཐོང་ཐུབ། འཆི་བདག་གི་འཇིགས་པ་མགོར་ཐོན་ན་ཡང་ད་དུང་སྨན་ཁང་དུ་མི་ཁྲིད་པར་བཅའ་བ་དང་རིམ་གྲོས་ནད་འགོར་འགྱངས་བྱེད་པ་ནི་མི་རིགས་འདིའི་མི་ཕལ་མོ་ཆེ་ལ་ལྡན་པའི་སྣང་ཚུལ་ཞིག་ཏུ་གྱུར་ཡོད། ཡུལ་ལྷ་གཞི་བདག་དག་གི་གནོད་པ་ལ་འཇིགས་ཏེ་ང་ཚོས་ད་དུང་རང་བྱུང་ཁམས་ཀྱི་གཏེར་ཁ་ཅི་ཡང་སྔོག་འདོན་བྱས་མ་མྱོང་ལ། ལྷ་བ་མོ་བ་རྩིས་པ་གསུམ་ལ་སྐྱབས་སུ་བཅོལ་ནས་བཅའ་བ་དང་རིམ་གྲོ་བསྒྲུབས་ཀྱང་མ་ནུས་པར་ཚེ་ལས་འདས་པར་ཡང་ད་དུང་འཆི་རན་ལ་ཐོན་སོང་སྙམ་པ་དང་། ལས་དབང་ཡིན་པར་འདོད་པ་ལས་སྨན་ཁང་དུ་མ་ཁྲིད་པ་ལ་འགྱོད་པ་སྐྱེ་བཞིན་མེད། འདིས་དོགས་སློང་དང་བསམ་གཞིགས་ཀྱི་འདུ་ཤེས་མེད་པ་ཤེས་ཐུབ། སྤྱིར་མི་དང་དུད་འགྲོ་གང་ཡིན་ཡང་དེའི་འཆི་རྐྱེན་ལ་རྒས་པའི་འཆི་བ་དང་། ན་བའི་འཆི་བ། ཡང་ན་ཆག་སྒོ་སོགས་ཀྱིས་འཆི་བ་ཡིན་མོད། འོན་ཀྱང་རྩོམ་པ་པོས་ཐོག་མར་ཨ་ཁུ་བསྟན་འཕེལ་གྱི་ཤི་རྐྱེན་ཞེས་ཁ་བྱང་ལ་ཡང་འདི་ལྟར་འཇོག་དགོས་དོན་ནི་ཀློག་པ་པོ་རྣམས་ལ་ཨ་ཁུ་བསྟན་འཕེལ་གྱི་ཤི་རྐྱེན་ནི་རང་ག་བ་ཞིག་མིན་པ་ཤེས་སུ་འཇུག་ཆེད་ཡིན། །