ས་བདེ་མེད་ཞིང་གི་དཀྱིལ་དབུས་ན། །
གནམ་ཁ་ཞེང་མེད་པའི་ཞབས་འོག་ན། །
སྒོས་རླངས་འཁོར་བསྐོར་བ་མང་ན་ཡང་། །
ལས་དབང་མེད་རྐྱེན་ངན་མང་པོར་འཕྲད། །
དུས་དེང་སང་འཕྲུལ་ཆས་སྦྲང་ཚང་ལྟར། །
ས་གར་འགྲོ་རྐང་འཁོར་སྦག་སྦག་ནས། །
མཐོ་ལྕགས་བྱ་ལ་སོགས་འཕྲུལ་འཁོར་གྱིས། །
ངེད་རྐང་གཉིས་པ་རྣམས་བདེ་བས་ཚིམས། །
སྤྱིར་དེང་སང་དུས་ཀྱི་རང་བཞིན་དང་། །
སྒོས་ཚེ་རིང་ཟླ་བའི་འདོད་པ་བཞིན། །
རང་བསམ་པའི་རླངས་འཁོར་སྟབས་བདེ་ཞིག།
སེམས་རེ་བས་སྒོར་མོ་བྱིན་ནས་ཉོས། །
བསྐོར་མ་ཤེས་སེམས་ཁྲལ་ཆེ་བ་བྱུང་། །
རྐུ་དོགས་པའི་སེམས་ནད་ཞར་ལ་སྐྱེ། །
ཟས་ཁ་ལ་ཟོས་ཀྱང་ཁོག་ན་མེད། །
སྣུམ་འཛད་པར་བསམ་བློ་གཏོང་དགོས་བྱུང་། །
དུས་དང་པོ་སྤྲོ་དགའ་གཉིས་འཛོམས་དང་། །
བར་དབང་མེད་སེམས་འཚུབ་འཁྱིལ་ཏེ་བསྐོར། །
མཇུག་དངོས་གནས་དོན་རྐྱེན་བྱུང་ནས་ཐལ། །
སྙིང་དམར་པོ་ལྟིག་ལྟིག་ཁ་ལ་ཐོན། །
བསྐོར་ཤེས་བསམ་ལམ་ཁར་རྒྱུགས་དུས་ན། །
ཡོང་མ་ཤེས་བསམ་མེད་གསར་བུ་དེས། །
ཁ་མ་ཐུབ་མོ་ཊའི་སྣ་ལ་གཏུགས། །
དུས་སྐད་ཅིག་རླངས་འཁོར་ཉམ་ཐག་རེ། །
ལུས་ན་བ་མེད་ཀྱང་སེམས་ཁམས་འཁྲུགས། །
མཚན་ལྷོད་ལ་བབ་ཀྱང་སྐྲག་སྣང་ཞིག།
ཉིན་རླངས་འཁོར་རིག་ན་སེམས་རྩ་སྨྲེང་། །
ཉིན་འགའ་ལ་ཞིག་གསོ་བྱེད་དགོས་བྱུང་། །
དུས་དེ་ནས་ཧ་ཅང་གཟབ་ནན་དང་། །
རང་གཞན་ལ་མི་བདེ་མེད་པ་རུ། །
ལྷ་མཆོག་གསུམ་སྐྱབས་གསོལ་སྨོན་ལམ་ཞུས། །
སེམས་ཆུང་ཆུང་བློ་དང་སྤོབས་པ་རྒྱས། །
སྟབས་མ་འགྲིག་ཉིན་ཞིག་གྲོང་དཀྱིལ་ནས། །
རང་གཟབ་གཟབ་བྱས་བྱས་དུས་ཐོག་ལ། །
སྡེ་རླངས་འཁོར་སྣ་ཡིས་གཞུག་ནས་བརྒྱབ། །
ཨ་ཤི་རེ་ཆག་སྒོ་འདི་ཅི་ཞིག།
དུས་དེ་ཉིད་སྨྲ་བ་མེད་པར་ལུས། །
རང་ཀླད་པའི་ནང་ན་སྟོང་སེང་ངེ། །
ལས་ཟབ་མོ་ཞིག་གིས་བདས་སམ་ཅི། །
དུས་ད་ནས་རླངས་འཁོར་བསྐོར་འདོད་ཆད། །
ཕར་རྒྱག་པར་སེམས་ཆུང་བྱེད་པ་དང་། །
ཚུར་བརྒྱབ་པར་ཁོང་ཁྲོ་ལངས་རྒྱུ་ཞིག།
ངག་འཇམ་པོས་དགོངས་དག་མ་ཞུས་ན། །
ལག་མྱུར་མོས་ཁ་ཤ་གཅོག་ལེ་རེད། །
ད་ཉོན་དང་གསར་བུ་ཆུང་ཆུང་དང་། །
སྒོས་འཕྲུལ་ཆས་ཁ་བསྒྱུར་གསར་བ་ཚོ། །
ལམ་གཟབ་གཟབ་བྱོས་བྱོས་ཟེར་དུས་ན། །
སེམས་ལྷོད་ལྷོད་བྱས་ཏེ་བསྐོར་རོགས་མཛོད། །
གནས་གྲོང་ཁྱེར་གཞུང་ལམ་ཁྲིམས་བརྩི་དགོས། །
ཁྲིམས་མ་ཤེས་ཆག་སྒོ་སྣ་ནས་འདྲེན། །
ས་གང་སར་དོན་རྐྱེན་མང་པོ་བྱུང་། །
དེའི་རྩ་བ་རང་གཞན་ཀུན་གྱི་འགན། །
ས་བདེ་མོའི་ལམ་ནས་དལ་བ་གཅིག།
གནས་རླངས་འཁོེར་མང་སར་དལ་བ་གཉིས། །
ཆུ་འཁྱག་པས་ཁེངས་ལམ་དལ་བ་གསུམ། །
དལ་གསུམ་པོ་འདི་དག་སེམས་ལ་ཟུངས། །
དེང་འཕྲུལ་ཆས་འདི་དག་སྟབས་བདེ་ཡང་། །
དུས་ནམ་ཡང་ཉེན་འབྱུང་དོགས་ཆེ་བས། །
ཁོང་འཁོར་བསྒྱུར་ཁྱེད་རྣམས་ཉིན་ལམ་བདེ། །
མཚན་ལམ་རིང་གང་སར་ལྷས་སྲུངས་ཤིག།
སྤྱིར་རླངས་འཁོར་བསྐོར་ལུགས་ལག་རྩལ་དགོས། །
བསྐོར་མ་ཤེས་རང་གཞན་ཀུན་ལ་གནོད། །
དུས་རྒྱུན་དུ་ཚགས་ལུགས་ཡག་པོ་དང་། །
གནས་མ་བགྲོད་སྔོན་ལ་ལྟ་རྟོགས་བྱོས། །
དེང་རླངས་འཁོར་ཆེ་ཆུང་མང་དྲགས་ནས། །
སྣུམ་སྤྱོད་པ་ཟ་མ་ལས་ཀྱང་འཛད། །
དེས་རྐྱེན་བྱས་འཁྲུག་རྩོད་སྣ་ཚོགས་བྱུང་། །
སའི་གོ་ལ་རླངས་འཁོར་གོ་ལ་འདྲ། །
ཀུན་བདེ་བ་འདོད་ནས་རླངས་འཁོར་ཉོ། །
དོན་དམ་པའི་བདེ་བ་རྟ་ཞོན་དགའ། །
བདེན་ལགས་ཀྱང་སྤྱི་ཚོགས་ཁོར་ཡུག་གིས། །
མི་རེ་རེས་རླངས་འཁོར་རྒྱན་དུ་འཛིན། །
ས་འཛམ་བུ་གླིང་འདི་འགྲོ་བའི་རྟེན། །
འདི་ཡུན་རིང་བར་དུ་གནས་བསམ་ན། །
ནང་བཅུད་ཀྱི་གཏེར་རྫས་སྲུང་སྐྱོབ་དང་། །
ཕྱི་ཁོར་ཡུག་སྐྱེ་ཁམས་དོ་མཉམ་དགོས། །
དུས་ནད་དང་རིམས་ནད་སྣ་ཚོགས་འདི། །
ས་འདི་ཡི་སྟེང་འོག་ཁྱབ་ནས་བྱུང་། །
དེའི་རྩ་བ་ཁོར་ཡུག་སྦགས་བཙོག་དང་། །
མཁའ་རླུང་ཆེན་བཙོག་སྐྱོན་བཟོས་ལས་བྱུང་། །
འདིའི་རྒྱུ་རྐྱེན་སྣ་མང་ཡོད་ན་ཡང་། །
སྒོས་འཕྲུལ་ཆས་སྣ་ཚོགས་ཐན་དུབ་ཀྱིས། །
རྐྱེན་ཚབས་ཆེན་གྱུར་བར་མཁས་པས་བཤད། །
དེ་བདེན་ངེས་ཚན་རིག་པ་ཡིས་བརྟགས། །
དེང་བོད་ཡུལ་ས་ཆ་གང་ས་རུ། །
འཕྲུལ་ཆག་སྐྱོན་གད་སྙིགས་གང་སར་སྤུངས། །
ལུས་ཤ་འཇམ་ལྟ་བུའི་རྩྭ་ཐང་སྟེང་། །
གྲིས་བཤགས་འདྲའི་ལམ་ཕྲན་མང་པོ་བཏོད། །
ཡང་སྒོས་སུ་སྐྱོན་ཅན་འཕྲུལ་འཁོར་དེ། །
དུས་ཡང་ཡང་ཞིག་གསོས་དགོས་པ་ཡོད། །
རང་དཔལ་འབྱོར་ཟད་གྲོན་གཏོང་བྱེད་ཅིག།
གཞན་ནམ་ཡང་ཡོང་སྒོ་བཙལ་བྱེད་ཅིག།
གཏམ་འདི་དག་འགལ་འདུའི་ཁྲོད་དུ་བསླངས། །
ཚིག་སྙན་པོའི་སྦྱོར་བ་མི་སྣང་ཡང་། །
ཡུལ་ཕལ་བའི་སྐད་ཀྱིས་སྦྱར་བ་ཡིས། །
དོན་སྐད་ཅིག་རྟོགས་ཕྱིར་གང་བདེར་བྲིས། །