གློག་བརྙན《དབྱར་རྩྭ་དགུན་འབུ་རྐང་གསུམ།》རྔ་བ་རྫོང་ནས་པར་བསྐྲུན་བྱེད་མགོ་བརྩམས་པ།

བསོད་ནམས་སྐྱིད། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-28


        གངས་ལྗོངས་ཉི་གཞོན་དྲ་བའི་འཕྲིན། (གདན་ཞུའི་གསར་འགོད་པ་བསོད་ནམས་སྐྱིད།)ཟླ་3པའི་ཚེས་25ཉིན་གྱི་སྔ་དྲོའི་ཆུ་ཚོད་11སྟེང་། གློག་བརྙན《དབྱར་རྩྭ་དགུན་འབུ་རྐང་གསུམ།》རྔ་བ་རྫོང་ལོ་རྟ་ཡུལ་ཚོ་ཕྱུག་ཚང་གྲོང་སྡེ་རུ་ཕབ་བསྐྲུན་བྱེད་མགོ་བརྩམས། 

        འཁྲབ་གཞུང་དེ་ནི་བོད་ཀྱི་རྩོམ་པ་པོ་གྲགས་ཅན། མའོ་ཏུན་རྩོམ་རིག་བྱ་དགའ་ཐོབ་མཁན་ཨ་ལེགས་ཀྱི་བརྩམས་སྒྲུང་བཅོས་སྒྲིག་བྱས་པ་ཡིན་ཞིང་། གློག་བརྙན་ལས་ལོ་12ཅན་གྱི་བྱིས་པ་སངས་རྒྱས་ཀྱི་ཕུགས་འདུན་འཚོལ་བའི་གཏམ་རྒྱུད་བརྗོད་ནས། བོད་ཁུལ་གྱི་བྱིས་པ་ཚོའི་ཤེས་བྱ་སྦྱངས་འདུན་དང་། འཇིག་རྟེན་གྱི་གསང་བར་འཆང་བའི་མཚར་ཞེན་དང་འཚོལ་སྙེག ཕུགས་འདུན་བརྩོན་སྙེག་གི་བརྒྱུད་རིམ་དུ་འཚར་ལོངས་འབྱུང་བཞིན་པའི་གཏམ་རྒྱུད་ཅིག་བསྟན་ཡོད།   གཏམ་རྒྱུད་ཀྱི་བྱུང་རིམ་དྲང་བདེན་དང་ཡིད་དབང་འཕྲོག་པ་ཞིག་ཡིན་ལ། དམངས་ཀྱི་འཚོ་བ་དང་ཕུགས་བསམ་འཚོལ་སྙེག ཡིད་ཀྱི་དད་མོས་བཅས་རིམ་པ་གསུམ་ནས་མཚོན་པར་མ་ཟད། མི་ཆོས་ཀྱི་མཛེས་པས་ཡོངས་སུ་ཕྱུག་པའི་འཁྲབ་གཞུང་ལ་བྱམས་དང་བརྩེ་བས་ཁེངས་ཡོད། གློག་བརྙན་ལས་སི་ཁྲོན་ཞིང་ཆེན་རྔ་བ་རྫོང་གི་ཐུན་མིན་ཁྱད་ཆོས་ལྡན་པའི་ཨ་མདོའི་ཁང་གཞིས་དང་མཛེས་ལྗོངས་གཉན་པོ་གཡུ་རྩེ།  ངོ་མཚར་སྟོང་གིས་ཕྱུག་པའི་མི་རིགས་རིག་གནས་བཅས་རྒྱབ་ལྗོངས་བྱས་ཏེ། གློག་བརྙན་བརྩམས་ཆོས་ཀྱི་བརྒྱུད་སྒྲོག་གི་ཕན་ནུས་བེད་སྤྱད་དེ། གློག་བརྙན་དང་ལྗོངས་སྐོར་ཐོན་ལས་མཉམ་འགུལ་མངོན་འགྱུར་བྱས་ཏེ། རྔ་བ་རྫོང་གི་ལྗོངས་སྐོར་ཐོན་ལས་ཇེ་བཟང་ཇེ་རྒྱས་སུ་གཏོང་བ་དང་། ས་གནས་ཀྱི་ལྗོངས་སྐོར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་ཐུབ། 
        རྔ་བ་རྫོང་ནི་མཚོ་བོད་མཐོ་སྒང་གི་ཤར་ལྷོའི་རྒྱུད་དང་། སི་ཁྲོན་དང་ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་ན་གནས། མཛོད་དགེ་རྫོང་དང་ཧུང་ཡོན་རྫོང་། འབར་ཁམས་གྲོང་ཁྱེར། འཛམ་ཐང་རྫོང་བཅས་དང་ཁྱིམ་མཚེས་ཡིན། བྱང་རྒྱུད་དང་ནུབ་རྒྱུད་སོ་སོར་ཀན་སུའུ་ཞིང་ཆེན་གྱི་རྨ་ཆུ་རྫོང་དང་། མཚོ་སྔོན་ཞིང་ཆེན་གྱི་གཅིག་སྒྲིལ་རྫོང་དང་པད་མ་རྫོང་བཅས་ལ་ས་མཚམས་དབྱེ་ཡོད། ནང་ལོགས་ནས་ནུབ་བྱང་ས་ཆར་བགྲོད་པའི་འགྲིམ་འགྲུལ་ལམ་རྒྱུད་གཙོ་བོ་ཞིག་དང་ཚོང་གཉེར་ལྟེ་གནས་དང་ཚོང་རྫས་མང་འདུས་ཀྱི་ས་ཆ་ཞིག་ཡིན་པར་མ་ཟད། འབྲོག་ལས་གཙོ་གཉེར་དང་ཞིང་ལས་ཞོར་གཉེར་གྱི་རྫོང་ཁག་ཅིག་ཀྱང་ཡིན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1