༄༅།། ཡིག་སྒྱུར་སྐབས་ཐད་སྒྱུར་བྱེད་དྲགས་པ་ལས་ཐོན་པའི་གནད་དོན་འགའ་ཞིག་གླེང་བ།

ལྷག་པ་ཚེ་རིང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 03-28


  
        རང་རེའི་བོད་མི་རིགས་ལ་ཆ་མཚོན་ན་མི་རིགས་གཞན་ལ་ངོ་གནོང་མི་དགོས་པའི་ལོ་ངོ་ཆིག་སྟོང་ལྷག་སྔོན་ནས་བྱུང་བའི་སྒྲ་སྒྱུར་གཞུང་ལུགས《སྒྲ་སྦྱོར་བམ་གཉིས》ཞེས་པའི་ནང་ཡིག་སྒྱུར་གྱི་རྩ་དོན་ཆེན་པོ་གསུམ་གྲས་སུ་ཆོས་ཀྱི་གཞུང་ལས་བྱུང་བའི་བརྗོད་བྱའི་དོན་དང་འགལ་མི་རུང་ཞེས་བཏོན་པ་དེའི་དོན་ཡང་ཐོག་མར་གོ་བ་གནད་ལ་འཁེལ་བ་ཞིག་ལོན་དགོས་ལུགས་བསྟན་ཡོད། ཐ་སྙད་ཕབ་སྒྱུར་བྱེད་རྒྱུའི་ཐད་གོ་དོན་གནད་ལ་འཕིགས་པོ་རྟོགས་པའི་རྨང་གཞིའི་ཐོག་ཇི་ལྟར་ཕབ་སྒྱུར་བྱེད་རྒྱུ་དེའང་དོན་གལ་ཆེན་པོ་ཞིག་ཡིན། དེ་ཡང་སྐུ་ཞབས་ལུའུ་ཞུན་གྱིས་ཡིག་སྒྱུར་ཞེས་པ་སྤྱིར་བཏང་གི་ཡིག་རིགས་གཉིས་ཕན་ཚུན་ཕབ་སྒྱུར་བྱེད་པ་ཞིག་ཁོ་ན་མིན་པར་དེའི་ཐོག་ད་དུང་རང་གིས་གསར་རྩོམ་བྱས་ནས་མ་ཡིག་གི་དོན་གང་ཡིན་བུ་ཡིག་གི་ཀློག་པ་པོར་ཇི་མ་ཇི་བཞིན་སྟོན་དགོས་པ་དེ་ཡིན་ཞེས་གསུངས་ཡོད། དེང་དུས་ཡིག་སྒྱུར་མཁས་པ་མང་པོ་ཞིག་གིས་རང་གི་ཉམས་མྱོང་དང་ཞིབ་འཇུག་ལས་གྲུབ་པའི་སྒྱུར་ཐབས་མང་པོ་བཏོན་ཡོད་ཅིང་། དེའང་ཁོ་པས་བལྟས་ན“བཙལ་བཟོ་གཡར”གསུམ་གྱི་སྒྱུར་ཐབས་སྤྱོད་རྒྱུ་དེ་ཀུན་གྱིས་ཁས་ལེན་པ་མ་ཟད་ཁས་ལེན་དགོས་ངེས་ཤིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། གལ་ཏེ་ཐ་སྙད་ཀྱི་གོ་དོན་གང་ཡིན་གསལ་པོར་མི་ཤེས་པར་ཚིག་ཐོད་གཏུགས་ནས་ཐད་སྒྱུར་བྱས་ན་གོ་རྒྱུ་ཚོར་རྒྱུ་མེད་པའི་ཡི་གེའི་མཚོན་རྟགས་ཤིག་མ་གཏོགས་ཀློག་པ་པོར་དོན་གང་ཡང་ངོ་སྤྲོད་བྱེད་མི་ཐུབ། དེ་བཞིན་རང་སྐད་ལ་དེ་དོན་ཐ་སྙད་ཡོད་མུས་ཀྱང་རྟོགས་བཟོ་བྱས་ཏེ་གོ་མི་བདེ་བ་བཟོས་ཚེ་དེ་ཡིག་སྒྱུར་བྱེད་མཁན་ཞིག་གི་ངོས་ནས་བརྗོད་ན་མི་རིགས་སྐད་ཡིག་ལ་འགན་འཁྲི་ཁུར་སེམས་མེད་པ་མ་ཟད། ཡིག་སྒྱུར་གྱི་བྱ་བར་གནོད་པ་དེ་བས་ཆེ་བ་བཟོ་རྒྱུ་གོར་མ་ཆག
        ཡིག་སྒྱུར་བྱེད་སྐབས་མ་ཡིག་གི་བསྟན་བྱའི་ནང་དོན་ཇི་མ་ཇི་བཞིན་བོད་ཡིག་ཏུ་མཚོན་དགོས་ན་དང་ཐོག་བོད་ཡིག་གི་ཆུ་ཚད་མཐོ་པོ་དགོས་ཤིང་། ད་དུང་བོད་ཀྱི་བརྡ་སྤྲོད་གཞུང་ནས་བསྟན་པའི་འབྲེལ་ཡོད་ཚིག་ཕྲད་དང་བཅས་པ་འཁྲུལ་བ་མེད་པར་བེད་སྤྱོད་བྱེད་ཐུབ་པ་དང་། བོད་ཡིག་གི་ཐ་སྙད་འབོར་ཆེན་ཞིག་ཁོང་དུ་ཆུད་པ་བྱེད་དགོས། བོད་ཡིག་བྱང་ཆུབ་པ་ཞིག་མི་ཤེས་པ་དང་། བོད་ཀྱི་བརྡ་སྤྲོད་རིག་པ་དང་ཚིག་སྦྱོར་རིག་པ་མི་ཤེས་མཁན་ཞིག་གི་ཡིག་སྒྱུར་ལས་ཀ་ཡག་པོ་བྱེད་མི་ཐུབ། གསར་འགྱུར་གྱི་ནང་དོན་གང་ཡིན་པ་དེ་གོ་སླ་ཞིང་མཚོན་བྱེད་ནུས་པ་ལྡན་པའི་ཚིག་གིས་བསྒྱུར་ནས་བརྒྱུད་བསྒྲགས་བྱ་རྒྱུ་དེ་ཡིན་པས་ངེས་པར་དུ་བོད་མི་རིགས་རང་ཉིད་ཀྱི་སྐད་ཡིག་གི་ཐུན་མོང་མ་ཡིན་པའི་བརྡ་སྤྲོད་རིག་པ་དང་ཚིག་རྒྱན་རིག་པས་བསྟན་པའི་རིགས་པའི་གཞུང་ལུགས་ཀྱི་འགྲོ་སྟངས་དང་ཆོས་ཉིད་གཞིར་བཟུང་ཚིག་འཇུག་པ་དང་། བརྗོད་བདེ་པོ། སྔ་ཕྱི་འབྲེལ་ཆགས་པོ་བཅས་ཀྱི་སྒོ་ནས་བསྒྱུར་དགོས། དེང་དུས་བོད་ཀྱི་ལོ་ཙཱ་བ་རེ་འགས་རྒྱ་ཡིག་གི་བསྒྱུར་བྱའི་ནང་དོན་གོ་བ་ཡག་པོ་ལེན་ཐུབ་མོད། འོན་ཀྱང་བོད་ཡིག་ཐ་སྙད་ཕུན་སུམ་ཚོགས་པོ་མེད་པའི་དབང་གིས་ཡག་པོ་ཞིག་བསྒྱུར་ཐུབ་ཀྱི་མེད། འདིར་ཡིག་སྒྱུར་སྐབས་ཀྱི་རྒྱུན་མཐོང་གནད་དོན་འགའ་ཞིག་གཙོ་གནད་དུ་བཟུང་ནས་ལོ་ཙཱ་བས་དོ་སྣང་བྱེད་དགོས་པའི་རིགས་ལ་རང་གི་བསམ་ཚུལ་ཅུང་གླེང་བར་བྱ།
གཅིག ལོ་ཙཱ་བར་ཐ་སྙད་ཕུན་སུམ་ཚོཌ་པོ་ཡོད་དགོས།
        ལོ་ཙཱ་བ་རེ་འགས་རང་མི་རིགས་ཀྱི་སྐད་ཡིག་ལ་སྦྱངས་པ་མ་བྱས་པས་ཐ་སྙད་ཕུན་སུམ་ཚོགས་པོ་མེད་སྟབས། ཐད་སྒྱུར་བྱེད་རྐྱང་བྱེད་པས་ཀློག་པ་པོའི་བཞད་གད་ཀྱི་ཡུལ་དུ་འགྱུར་སྲིད་པ་དཔེར་ན། 油菜ལ་པད་ཁ་ཞེས་མ་བསྒྱུར་བར་སྣུམ་ཚལ་ཞེས་བསྒྱུར་བ་དང་། 牛犊ལ་བེའུ་ཞེས་མ་བསྒྱུར་བར་ཕྱུགས་ཕྲུག་ཅེས་བསྒྱུར་བ། 羊粪ལ་རིལ་མ་ཞེས་མ་བསྒྱུར་བར་ལུག་སྐྱག་ཅེས་བསྒྱུར་བ། 黄教ལ་དགེ་ལུགས་པ་ཞེས་མ་བསྒྱུར་བར་ཆོས་སེར་བོ་ཞེས་བསྒྱུར་བ་ལ་སོགས་སྒྱུར་སྐྱོན་དེ་ལྟ་བུ་མང་པོ་ཐོན་གྱི་ཡོད། ནོར་འཁྲུལ་དེ་རིགས་ལ་རྟག་ཏུ་ནན་ཏན་གྱིས་ཡོ་བསྲང་མ་བྱས་ན་རང་ཉིད་ངོ་ཚའི་གནས་སུ་ལྷུང་རྒྱུ་ནི་སྨོས་མེད་རེད།
གཉིས། བརྡ་སྤྲོད་ཀྱི་གཞུང་དང་བསྟུན་རྒྱུར་གཙིགས་ཆེན་བྱེད་དགོས།
        དེང་དུས་རང་རེའི་ལོ་ཙཱ་བ་དང་ལྷག་པར་དུ་ཡིག་སྒྱུར་ལས་ལ་ཞུགས་མ་ཐག་པ་མང་པོ་ཞིག་གིས་ཡིག་སྒྱུར་བྱེད་སྐབས་བོད་ཡིག་གི་རྩ་བའི་ཁྱད་ཆོས་དང་བོད་སྐད་ཀྱི་འགྲོ་སྟངས་ལ་མ་བསྟུན་པར་ཐད་སྒྱུར་ཁོ་ན་བྱེད་པའི་སྣང་ཚུལ་མང་ཞིང་། དེ་ཡང་རང་རེའི་ལོ་ཙཱ་བ་འགའ་རེ་ཐད་སྒྱུར་བྱེད་རྒྱུར་གོམས་པའི་དབང་གིས་དེ་དག་གིས་བསྒྱུར་བའི་ཐ་སྙད་འགའ་རེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཙམ་མ་ཟད་ཤེས་ཡོན་ཅན་ཚོས་ཀྱང་གོ་ཐུབ་ཀྱི་མེད། དཔེར་ན་实现再就业ཞེས་པར་ཆ་མཚོན་ན་ལོ་ཙཱ་བ་འགའ་རེས་ལས་ཞུགས་བསྐྱར་མ་མངོན་འགྱུར་བྱུང་བ་ཞེས་པར་བསྒྱུར་བ་དེ་ནི་སུས་ཀྱང་གོ་མི་ཐུབ། ཐ་སྙད་དེ་བསྐྱར་དུ་ལས་ཞུགས་ཐུབ་པ་ཞེས་བསྒྱུར་ན་ཀུན་གྱིས་གོ་ཐུབ་ཀྱི་ཡོད། འོན་ཀྱང་ཐད་སྒྱུར་ལ་གོམས་པའི་དབང་གིས་ལོ་ཙཱ་བ་མང་པོ་ཞིག་གིས་མཐར་རང་ཁོ་ནས་མ་གཏོགས་སུས་ཀྱང་མི་གོ་བའི་ཐ་སྙད་དེ་ལྟ་བུར་བསྒྱུར་གྱི་ཡོད། དེའི་ཐད་དཔེ་མཚོན་གཅིག་གཉིས་ཙམ་བཞག་ན། 病情稳定ཞེས་པར་ནད་གཞི་བརྟན་པོ་ཡོད་ཅེས་བསྒྱུར་བ་དེ་བོད་སྐད་ལ་དེ་འདྲ་ཤོད་སྲོལ་མེད། དེར་ནད་གཞི་སྡུག་ཏུ་ཕྱིན་མེད་པ་ཞེས་བསྒྱུར་ན་ཀུན་གྱིས་གོ་ཐུབ། 赤子之心ཞེས་པར་ཕྲུ་གུ་དམར་འབྱར་གྱི་སེམས་ཞེས་བསྒྱུར་ན་དོན་ཟབ་མོ་གང་ཡང་བསྟན་རྒྱུ་མེད། དེར་ལྷད་མེད་སེམས་པ་ཞེས་བསྒྱུར་ན་ཀློག་པ་པོས་བརྗོད་བྱའི་ནང་དོན་འཕྲལ་མར་རྟོགས་ཐུབ།
གསུམ། ཐད་སྒྱུར་དང་དོན་སྒྱུར་བྱེད་མཁས་པོ་བྱེད་དགོས།
        རྒྱ་ཡིག་གི་གཏམ་དཔེ་བསྒྱུར་སྐབས་ཐད་སྒྱུར་བྱེད་ཤག་ཤག་བྱས་ན་བརྗོད་བྱའི་དོན་གོ་ཐུབ་ཙམ་ཡོད་ནའང་བརྗོད་ཚིག་སྙན་པོ་མེད་པར་འགྱུར་གྱི་ཡོད། དེ་དང་འདྲ་བའི་བོད་ཀྱི་གཏམ་དཔེས་ཚབ་བྱེད་ཐུབ་ན་བརྗོད་པ་བདེ་བ་དང་ཀློག་པ་པོའི་བློ་ངོར་ཟུག་པ་ཞིག་ཡོང་ཐུབ། དཔེར་ན་塞翁失马焉知非福ཞེས་པར“ས་མཐའི་རྒན་པོས་རྟ་ཕོ་བོར་བ་དེ། བཀྲ་ཤིས་དོན་བཟང་མིན་པ་ག་ལ་ཤེས”ཞེས་བསྒྱུར་ན་གཏམ་རྒྱུད་དེར་རྒྱུས་མངའ་མེད་པའི་ཀློག་པ་པོས་གོ་དོན་རྟོགས་ཁག་པོ་ཡོད། དེར“རྐྱེན་ངན་གྲོགས་འཆར”ཞེས་རང་མི་རིགས་ཀྱི་གཏམ་དཔེའི་ཐོག་ནས་བརྗོད་ན་ཀློག་པ་པོའི་སེམས་ལ་ཟུག་པ་དང་གོ་སླ་པོ་ཡོད། ཡང་དཔེར་ན་班门弄斧ཞེས་པ་དེ་བོད་ཡིག་ལ་བསྒྱུར་བར་ལོ་ཙཱ་བས་དེར་གོ་བ་ལེན་པ་ཙམ་གྱིས་མི་འགྲིག་པར་དེ་བོད་ཡིག་ལ་བསྒྱུར་མཁས་པོ་དགོས། དེ“ལུའུ་པན་གྱིས་སྟ་རེ་རྩེད”ཅེས་ཐད་སྒྱུར་བྱས་ན་ཧ་ཅང་འཚམ་པོ་མེད་པས་དེ་དང་ནང་དོན་འཚམ་པའི་བོད་སྐད་ཀྱི་གཏམ་དཔེ“སངས་རྒྱས་ལ་ཀ་ཁ”ཞེས་པར་བསྒྱུར་ན་གཅིག་ནས་མ་ཡིག་གི་ནང་དོན་མཚོན་ཐུབ་པ་དང་གཉིས་ནས་བོད་པ་ཞིག་ཡིན་ཕྱིན་སྤྱིར་ན་དེའི་ནང་དོན་རྟོགས་ཐུབ།
        འོ་ན་ཡིག་སྒྱུར་ཁྲོད་ཀྱི་སྐྱོན་ཆ་དེ་རིགས་ཇི་ལྟར་བྱས་ནས་སེལ་དགོས་སམ་ཞེ་ན། དེ་ཡང་གཅིག་ནས་བོད་ཡིག་གསར་འགྱུར་ལོ་ཙཱ་བ་ཚོས་རང་བྱུང་ཚན་རིག་དང་སྤྱི་ཚོགས་ཚན་རིག་གི་ཤེས་བྱ་སྣ་ཚོགས་ལ་ཐོས་བསམ་བྱ་རྒྱུར་བསྐུལ་ནས་ཤེས་རྒྱ་ཆེ་རུ་བཏང་སྟེ་བསྒྱུར་བྱའི་ནང་དོན་གྱི་བསྟན་དོན་ཟབ་ཏུ་གཏོང་དགོས་པ་དང་། གཉིས་ནས་ལོ་ཙཱ་བ་རྣམས་ནས་བོད་ཡིག་གི་ཚད་ལྡན་ཡིག་ཆ་དང་དཔེ་དེབ་ལྟ་ཀློག་བྱ་རྒྱུར་བསྐུལ་ནས་བོད་ཡིག་གི་བརྡ་སྤྲོད་གཞུང་དང་བོད་ཡིག་གི་ཐ་སྙད་གང་མང་ཁོང་དུ་ཆུད་པ་བྱེད་དགོས་པ། གསུམ་ནས་ལོ་ཙཱ་བ་རྣམས་ནས་ཡིག་སྒྱུར་གྱི་གཞུང་ལུགས་སློབ་སྦྱོང་བྱེད་རྒྱུར་བསྐུལ་ནས་ཡིག་སྒྱུར་གྱི་ཐབས་ལམ་མང་པོ་ཁོང་དུ་ཆུད་དགོས་པ་བཅས་སོ།།
            (བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་རྩོམ་སྒྲིག་པུའི་ལྷག་པ་ཚེ་རིང་།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1