༄༅།།ཁ་བ་དང་འབྲོག་མོ།

བཙན་ཞགས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-28


བཙན་ཞགས། (རྨ་ཆུ)





དབྱར་གཞུང་ལ་ཁ་བ་མི་འབབ་ཟེར་ན།

བེའུ་ཆུང་གི་རྩེད་ལམ་འགོག་མཁན་དེ་སུ་རེད།

གྲང་ཀློང་ལ་འཕྱན་པའི་ན་ཆུང་མའི་ལག་ཟུང་།

འོ་དྲི་འཐུལ་བའི་མར་ལོ་ཞིག་དང་འདྲ་བར།

ཁ་བའི་གསེབ་ཏུ་འཁྱུག་ཙམ་བྱས།

ཁ་བའི་འོག་ཏུ་མེ་ཏོག་གི་འདབ་མ་གྲོལ་བས།

མཛེས་སྡུག་གི་རྨི་ལམ་ཞིག་མངལ་དུ་སྦྲུམ་ཡོད།

རླུང་ཁ་ན་འཕྱོ་བའི་སྦྲ་ནག་གི་དྲོད་ཁོལ་དེ།

ན་ཆུང་མའི་སེམས་ཀྱི་དག་ཞིང་ངོ་།།

རི་འདབས་ཀྱི་གཙང་བོས་འབོད་པ་དེ་མེད་ན།

ན་ཆུང་མའི་ཆུ་ཟོམ་དུ་ཁ་བའི་རི་མོ་འབྲི་དོན་མེད།

སྨུག་བུན་ལང་ལོང་གི་གསེབ་ནས་ཆས་དུས།

སྙན་ལྷིང་ལྷིང་གི་འགྱུར་ཁུག་ཅིག་བྲག་ཆར་འཁྱུད།

ཁ་བ་དེས་ཉི་ཟེར་གྱི་ལྭ་བ་མ་གྱོན་ན།

གཟི་མིག་ལྟ་བུའི་མིག་ཟུང་ལ་མཆི་མ་འཁོར་དོན་ཅི།

རྒྱང་རིང་རྒྱང་རིང་གི་དུད་ཞགས་སྔོན་པོ་དེ།

ཁ་བའི་གདན་དཀར་ལ་ཙོག་པའི་སྦྲ་ནག་གི་ཁ་རླངས་ཏེ།

ན་ཆུང་མའི་མི་ཚེའི་གཏམ་རྒྱུད་ལྷག་ས་དེ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1