མཱ་མིང་ཞི་པི་ལི་ཡ་ཁོ་ཡིས་བརྩམས། ཚེ་རིང་ཆོས་སྒྲོན་གྱིས་བསྒྱུར།
གྲོང་སྡེའི་ནང་དུ་རི་བོང་སྙིང་མེད་སྡར་མ་ཞིག་ཡོད་ལ། རི་བོང་དེ་ནི་གང་དང་ཅི་ལའང་འཇིགས་སྣང་སྐྱེ་བཞིན་ཡོད་དེ། མཚམས་ལན་རེར་རླུང་བུ་ཤིག་ཤིག་ཏུ་ལྡང་བ་ཙམ་གྱི་སྒྲ་དང་། སྡོང་པོའི་ཡལ་འདབ་ནས་གངས་རིལ་མར་ལྷུང་བའི་སྒྲས་ཀྱང་ཁོ་རང་ལ་འཇིགས་སྣང་སློང་གིན་ཡོད།
རི་བོང་ཆུང་ཆུང་དེ་སྐྱེས་དུས་ནས་བཟུང་སྙིང་སྟོབས་ཆུང་ལ་དོན་ག་འདྲ་ཞིག་ལ་འཕྲད་ཀྱང་འཇིགས་ཤིང་སྐྲག་ནས་ལོ་གཅིག་གི་དུས་ཡུན་འདས། ལོ་གཅིག་གི་རྗེས་སུ། རི་བོང་དེ་ནར་སོན་ནས་རི་བོང་ཆེན་པོ་ཞིག་ཏུ་གྱུར།
ཉིན་ཞིག་ལ། རི་བོང་དེ་རང་ཉིད་ཀྱི་སྙིང་མེད་སྡར་མའི་ངང་ཚུལ་དེར་སུན་སྣང་སྐྱེས་ཤིང་། ང་ཅིའི་ཕྱིར་ཡོད་ཚད་ལ་སྐྲག་སྣང་སྐྱེ་དགོས་སྙམ། རི་བོང་དེས་ནགས་ཚལ་ཞིག་ཏུ་ང་ཅི་ལའང་མི་སྐྲག རེད་ཡ། ང་རང་ཅི་ལའང་འཇིགས་སྣང་མེད་ཅེས་སྐད་གསང་མཐོན་པོའི་ངང་ནས་འུར་བརྒྱབ་པས། ནགས་ཀློང་ན་ཡོད་པའི་སྲོག་ཆགས་ཚང་མས་ཐོས་སོང་།
དེ་ནས་རི་བོང་གི་ཁྱིམ་བཟའ་ཚང་གང་པོ་མཉམ་དུ་འཛོམས་བྱུང་ལ། ཨག་ཚོམ་རིང་པོ་བྱིལ་བྱིལ་བྱེད་པའི་རི་བོང་རྒན་པ་དང་པང་ཁེབས་བརྒྱབ་པའི་རི་བོང་བགྲེས་མོ། ད་དུང་གནམ་ལྡིང་ས་ལྡིང་བྱེད་ཀྱིན་པའི་རི་བོང་ཆུང་ཆུང་རྣམས་ཀྱིས་རང་གི་རྣ་བར་གོ་ལོག་ཐེབས་སོང་བར་འདོད་དེ་བརྒྱུགས་ཡོང་ནས་དོན་ངོ་མར་གནས་ཚུལ་ཅི་ཞིག་བྱུང་སོང་བར་བལྟས། “ཨ་རོགས། ཁྱེད་ཀྱིས་ཅི་ཟེར། ཁྱོད་ཅི་ལ་ཡང་མི་སྐྲག ཁྱོད་ཐ་ན་སྤྱང་ཀི་ལའང་མི་སྐྲག་གམ”ཞེས་དྲིས།
དེ་ནས། སྙིང་མེད་སྡར་མ་ཞེས་མིང་དུ་གྲགས་པའི་རི་བོང་དེས། “ སྤྱང་ཀི་ལ་སྐྲག་དགོས་དོན་ཅི་ཡོད། ང་དེར་མི་སྐྲག་པར་མ་ཟད་ཝ་མོ་དང་དོམ་ནག་གང་ལའང་མི་སྐྲག”ཅེས་ལབ་ཆེན་པོ་བརྒྱབ།
དེ་ནི་དངོས་གནས་དཔེ་སྲིད་པ་ཞིག་མ་ཡིན་ནམ་བསམས་ནས་རི་བོང་ཆུང་ཆུང་རྣམས་ཧེ་ཧེ་ཞེས་བགད་ལ། རི་བོང་གི་ཨ་མ་རྣམས་ཧུ་ཧུ་ཞེས་དགོད་པ་དང་། རི་བོང་རྒན་པ་ཚོ་ཧ་ཧ་ཞེས་དགོད་ཀྱིན་འདུག ཁོ་ཚོ་ཚང་མས་སྤྱང་ཀི་དང་དོམ་ནག་ནི་ཅི་འདྲའི་གདུག་རྩུབ་ཆེ་བ་ཞིག་ཡིན་པ་ཤེས་ཡོད་པ་དང་། ཝ་མོའང་ཅི་འདྲའི་གཡོ་སྒྱུ་ཅན་ཞིག་ཡིན་པ་རྟོགས་ཡོད། རི་བོང་སྙིང་མེད་སྡར་མ་དེ་ཕལ་ཆེར་སྨྱོས་སོང་བ་འདྲ། ཨ་མ་མ་གཏོགས་ངོ་མི་ཤེས་ལ། གོ་ཁ་མ་གཏོགས་ས་མི་ཤེས་ཞེས་པ་དེ་ཅིས་མ་བདེན་ཟེར།
ཚང་མ་དགོད་ཚུལ་ལ་བལྟས་ནས་རི་བོང་སྙིང་མེད་སྡར་མ་དེས་འུད་ཤོབ་ཆེན་པོའི་ངང་ནས“གལ་ཏེ་ང་རང་སྤྱང་ཀི་དང་འཕྲད་ཚེ་ངས་སྐད་ཅིག་དེ་ཉིད་ལ་ཁོ་ཟ་ངེས་ཡིན། དེ་དུས་ཁྱེད་ཚོས་ང་ནི་ཅི་འདྲའི་དཔའ་མཛངས་ཅན་ཞིག་ཡིན་པ་ཤེས་ཐུབ”ཅེས་བཤད།
འཆོལ་ལབ་ཀྱི་སྐད་ཆ་དེ་དག་ཐོས་མ་ཐག་རི་བོང་རྣམས་ལྷག་ཏུ་དགོད་རྒྱུ་ཡོང་ནས་ཕར་ལོག་ཚུར་ཁེན་བྱས་པ་དང་བགད་ནས་མིག་ཆུའང་ཤོར་སོང་། འོན་ཀྱང་སྟབས་འགྲིག་པ་ཞིག་ལ། ཏག་ཏག་སྐབས་དེར་སྤྱང་ཀི་ཞིག་དངོས་གནས་སླེབས་ཡོང་།
སྤྱང་ཀི་དེ་ཉིན་གང་པོར་ནགས་ཚལ་དུ་ཡར་མྱུལ་མར་མྱུལ་བྱས་པས་ཕོ་བ་ལྟོགས་ཡོད། ཁོས་བསམ་པར་གལ་ཏེ་སྐབས་འདི་ལ་ཤ་ཤེད་རྒྱས་པའི་རི་བོང་ཞིག་ཟ་རྒྱུ་ཡོད་ན་ཅི་མ་རུང་སྙམ། ཁོས་དེ་ལྟར་བསམ་བཞིན་འགྲམ་ཆུ་ལྡིང་བའི་མོད་ལ། གློ་བུར་དུ་མདུན་ཕྱོགས་ན་རི་བོང་མང་པོ་མཉམ་དུ་འཚོགས་ནས་འུར་ཟིང་སྒྲོག་བཞིན་ཁ་ནས་ཀྱང་སྤྱང་ཀི་ཞེས་འབོད་པ་ཐོས་པས། ཁོ་རྐང་འཇབ་ལག་འཇབ་ཀྱིས་རི་བོང་དེ་ཚོའི་གམ་དུ་བཅར། རི་བོང་རྣམས་དགོད་ཀྱིན་རི་བོང་སྙིང་མེད་སྡར་མ་དེའི་འུད་ཤོབ་ལ་ཉན་ནས་བསྡད་ཡོད་ལ་སུས་ཀྱང་སྤྱང་ཀི་དེ་གམ་དུ་བཅར་བ་མ་ཚོར།
ཧིན། ད་རུང་འུད་ཤོབ་རྒྱག་གིན་འདུག ངས་མི་འགོར་བར་ཁྱོད་ཀྱི་ཤ་ཟ་ངེས། ཞེས་སྤྱང་ཀིས་དེ་ལྟར་བསམ་བཞིན་རང་རློམ་ཆེ་ཞིང་རང་ཚུལ་བརྗེད་པའི་འུད་ཤོབ་ལབ་མཁན་གྱི་རི་བོང་དེར་ཅེར་ནས་བསྡད།
འུད་ཤོབ་ལབ་མཁན་གྱི་རི་བོང་དེས་ད་དུང་མུ་མཐུད་དུ་འུད་ཤོབ་ལབ་ཀྱིན་བཅད་ཟིན་པའི་སྡོང་པོ་ཞིག་གི་ཐོག་ཏུ་འགོས་ནས་ཚང་མར་ཁ་གཏད་དེ་བདེ་བར་བཞུགས་རྗེས་རྐང་པ་གཅིག་ཐོག་གཅིག་ལ་བརྩེགས་ནས་བཤད་རྒྱུར། ཁྱེད་ཚོས་ཉོན་དང་། གལ་ཏེ་ང་རང་སྤྱང་ཀི་ཞིག་དང་འཕྲད་ན་ངས……
གློ་བུར་དུ་རི་བོང་དེས་སྐད་ཆ་བཤད་མཚམས་བཞག་ནས་ཁ་གྲགས་རྒྱུ་ཡང་མ་བྱུང་། དེའི་རྒྱུ་མཚན་ནི་རི་བོང་དེས་སྤྱང་ཀིས་ཁོ་ལ་ཅེར་ནས་བསྡད་ཡོད་པ་མཐོང་། འུད་ཤོབ་ལབ་པའི་རི་བོང་དེ་སྐྲག་ནས་དབུགས་ཀྱང་ལེན་མ་ཐུབ་པར་དབུགས་ལྒང་ཞིག་གནམ་ལ་བཏང་བ་དང་འདྲ་བ་ལ། དངངས་སྐྲག་སྐྱེས་དྲགས་ཏེ་ག་བྱེད་འདི་བྱེད་མེད་པར་གྱུར་མཐར་སྤྱང་ཀིའི་མགོ་ཐོག་ཏུ་ལྡིང་ལ་ཡང་མགོ་ཐོག་ནས་འགྱེལ་ཏེ་ས་ལ་ལྷུང་ཞིང་། དེ་ལྟར་འགྲོ་ཞོར་གོག་ཞོར་བྱས་ནས་བྲོས།
སྤྱང་ཀིའི་ཡིད་ལའང་མ་ཤར་བ་ཞིག་ནི་རི་བོང་དེ་གློ་བུར་དུ་དངངས་སྐྲག་སྐྱེས་ནས་ཁོའི་མགོ་ཐོག་ཏུ་ལྡིང་བས་ཁོ་རང་མགོ་ཡུ་འཁོར་དུ་བཅུག་པ་དང་ཁོས་མིག་ཕྱེས་ནས་ལྟ་བའི་དུས་སུ་རི་བོང་ཐམས་ཅད་བྲོས་ནས་གར་སོང་ཆ་མེད་དུ་གྱུར་འདུག
སྤྱང་ཀིས་མགོ་བོ་གཡུག་བཞིན། ཨ་ཧ། འདི་ནི་རི་བོང་སྨྱོན་པ་ཞིག་ཡིན་པ་འདྲ། ངས་ཁོ་རང་མ་ཟོས་པ་དེ་ནི་སྟབས་ལེགས་སོང་། དེ་མིན་ན་སྨྱོ་ནད་དེ་ང་ལའང་འགོ་ངེས་རེད་བསམས།
(མཚོ་སྔོན་བོད་ཡིག་གསར་འགྱུར་ལས་བཤུས། )