༄༅།།དཔྱི་ས་དགོན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཙོང་ཁ་པའི་དྲ་བ། སྤེལ་དུས། 03-31


        དཔྱི་ས་དགོན་བཀའ་གདམས་དགེ་བྱེད་གླིང་ནི། སྤྱི་ལོ 1948 ལོར་ཨ་ལགས་རི་སྒོམ་ཆོས་དཔལ་རྒྱ་མཚོའི་ཡང་སྤྲུལ་དཀོན་མཆོག་བསྟན་འཛིན་ཆོས་འཕེལ་གྱིས་དགེ་བའི་བཤེས་གཉེན་ཆེན་མོ་དཔྱི་ས་དཀོན་མཆོག་བློ་གྲོས་རྒྱ་མཚོ་རང་ཡུལ་དུ་གདན་དྲངས་ཏེ། དགོན་པ་ཞིག་འདེབས་དགོས་ཚུལ་གྱི་གསུང་གླེང་ནན་ཆེར་ཕུལ་པས།1949 ལོར་དཔྱི་ས་དགོན་བཀའ་གདམས་དགེ་བྱེད་གླིང་ཕྱག་འདེབས་མཛད། གྲུབ་མཐའ་དགེ་ལུགས་པ་ཡིན། སྤྱི་ལོ 1950 ལོར་དགེ་བའི་བཤེས་གཉེན་ཆེན་མོ་དཔྱི་ས་དཀོན་མཆོག་བློ་གྲོས་རྒྱ་མཚོ་ཚང་དང་རི་སྒོམ་དཀོན་མཆོག་བསྟན་འཛིན་ཆོས་འཕེལ་རྣམ་གཉིས་ཀྱི་སྐུ་དྲིན་དང་། དཔྱི་ས་སྒར་གྲོང་ཐུན་མོང་གི་སྟོབས་ཤུགས་ལ་བརྟེན་ནས་འདུ་ཁང་རྟེན་བརྟེན་པ་གསར་བཞེངས་མཛད། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དང་། བཀའ་བསྟན་སོགས་ཀྱིས་མཚོན་པའི་དབང་ལུང་ཁྲིད་མན་ངག་དང་བཅས་པའི་ཆོས་རྒྱུན་གནང་སྟེ་སྒྲུབ་སྡེ་འདི་ཉིད་ལུགས་གཉིས་ཀྱི་སྒོ་ནས་བདག་སྐྱོང་ཚད་མེད་གནང་། སྤྱི་ལོ 1958 ལོའི་ཡར་སྔོན་དུ་དགོན་པ་འདིར་འདུ་ཁང་གཅིག་དང་། མགོན་ཁང་། ནང་ཆེན་གསུམ། གྲྭ་ཤག་སུམ་བཅུ་ཙམ། རྒྱུན་བཞུགས་ཀྱི་བླ་སྤྲུལ་གསུམ་དང་དགེ་འདུན་པ་དྲུག་ཅུ་ལྷག་བཞུགས། 

        སྤྱི་ལོ 1958 ལོའི་ཟིང་འཁྲུག་དང་རིག་གསར་སྐབས་སྒྲུབ་སྡེ་འདི་ཉིད་མེད་བརླགས་སུ་བཏང་བ་མ་ཟད། དགེ་འདུན་པ་རྣམས་གྲོང་ཁྱིམ་དུ་དེད། དགོན་ཤུལ་དཔྱི་ས་འབྲོག་གི་ཕྱུགས་འཚོ་སར་བསྒྱུར།སྤྱི་ལོ 1980 ལོར་སྲིད་ཇུས་ཇེ་ཡངས་སུ་སོང་བ་དང་དུས་མཚུངས་སུ་སྔོན་ཆད་ཀྱི་གྲྭ་པ་རྒན་པ་རེ་ཟུང་གིས་དགོན་ཤུལ་དུ་འདུ་ཁང་དང་ལྷ་ཁང་རྟེན་བརྟེན་པ་བསྐྱར་བཞེངས་མཛད། ད་ལྟ་དགོན་པ་འདིར་འདུ་ཁང་དང་། རྗེ་དཀོན་མཆོག་བློ་གྲོས་རྒྱ་མཚོའི་ལྷ་ཁང་། སྨན་བླའི་ལྷ་ཁང་། ཀུན་རིག་ལྷ་ཁང་། བྱང་ཆུབ་མཆོད་རྟེན་དང་དབྱེན་ཟླུམ་མཆོད་རྟེན། ཡིག་བརྒྱ་དང་མ་ཎི་དུང་ཕྱུར་བཞུགས་པའི་མ་ཎི་ཁང་གཉིས། དགོན་བདག་རོང་དབོན་འཇིགས་མེད་རིན་པོ་ཆེའི་ནང་ཆེན། གྲྭ་ཤག་ལྔ་བཅུ་ལྷག དགེ་འདུན་པ་བརྒྱ་དང་ཉི་ཤུ་ཙམ་བཞུགས་སོ།། ལྷ་སྡེ་ཁྱབ་ཁོངས་དཔྱི་ས་རོང་འབྲོག་གཉིས་ཡིན། ཞེས་ཙོང་ཁ་བ་དྲྭ་བའི་འགན་འཛིན་དགེ་བཤེས་བློ་བཟང་ཡར་རྒྱས་ནས་བསྐུར་དོན་བཞིན་ཨ་ལག་ཟླ་གྲགས་ནས་མཁོ་སྤྲད་བྱས། ༢༠༡༦-༡-༡༧-ཉིན།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1