བོད་ཀྱི་ཤིང་བཟོའི་སྐོར་ནས་བཤད་ན། བཙན་པོའི་གདུང་རབས་དགུ་པ་པུ་དེ་གུང་རྒྱལ་གྱི་དུས་སུ་ཤིང་ལ་བུག་པ་ཕུག་སྟེ་གཉའ་ཤིང་དང་། གཤོལ་མདའ། གཤོལ་ཕུར་བཅས་བཟོ་བ་དང་། གཞན་ཡང་ཆུ་ཆེན་ལ་ཟམ་པ་བཙུགས་པའི་ལོ་རྒྱུས་ལ་གཞིགས་ན། སྐབས་དེ་དུས་ནས་བོད་དུ་ཤིང་བཟོའི་ལག་རྩལ་དར་བ་ཤེས་རྟོགས་ཐུབ་པ་ཡིན། དེ་རྗེས་བཙན་པོའི་གདུང་རྒྱུད་རྣམས་ཀྱི་སྐུ་དུས་དང་བོད་སིལ་བུའི་དུས་སུ་ཡང་དགོན་སྡེ་དང་། ལྷ་ཁང་། གཞིས་ཀ་མང་པོ་གསར་སྐྲུན་བྱས་པ་ལས་ཤིང་བརྐོས་མང་པོ་དང་། དེ་བཞིན་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྤྱོད་ཆས་སྣ་ཚོགས་མཐོང་རྒྱུ་ཡོད་པ་ལས་བོད་ཀྱི་ཤིང་བརྐོས་ལག་རྩལ་གྱི་ཆུ་ཚད་གོང་ནས་གོང་དུ་འཕེལ་བ་ཤེས་གསལ་ལྟར་རེད།
གནའ་དེང་གི་བརྐོས་དཀྲོལ་ལག་རྩལ།
བཙན་པོ་སྲོང་བཙན་སྒམ་པོའི་དུས་སུ། མཐའ་འདུལ་ཡང་འདུལ་གྱི་ལྷ་ཁང་ཕོན་ཆེན་བཞེངས་པའི་ཁྲོད། ད་ལྟ་གནས་པའི་ལྷ་ཁང་མང་པོར་བརྐོས་དཀྲོལ་གྱིས་བརྒྱན་པ་མཇལ་རྒྱུ་ཡོད། ཁྱད་པར་ལྷ་ལྡན་གཙུག་ལག་ཁང་ལ་ཀ་བ་སེང་མགོ་ཅན་དང་འབྲུག་མགོ་ཅན་སོགས་བརྐོས་པ་མཐོང་རྒྱུ་ཡོད་པ་མ་ཟད། གདུང་མ་དང་གཞུའི་ལྡེབས་ལ་བརྐོས་དཀྲོལ་ལག་རྩལ་སྤྱད་ནས་རོ་སྒྲུང་དང་དམངས་ཁྲོད་ཀྱི་སྒྲུང་གཏམ་སྣ་ཚོགས་བརྐོས་ཡོད་པས་སྐབས་དེ་དུས་ནས་བོད་དུ་བརྐོས་དཀྲོལ་ལག་རྩལ་དར་བ་མ་ཟད་ཆུ་ཚད་ཀྱང་ངེས་ཅན་ཞིག་ཏུ་སླེབས་པ་མཚོན་ཡོད།
བོད་སིལ་བུའི་དུས་ཏེ་ཡོན་དང་། མིང་། ཆིང་བཅས་ཀྱི་དུས་སུ་རིམ་བཞིན་བཞེངས་པའི་ས་སྐྱའི་ལྷ་ཁང་ཆེ་མོ་དང་། ཞྭ་ལུའི་གསེར་ཁང་ཆེ་མོ། རྒྱལ་རྩེའི་དཔལ་འཁོར་ཆོས་སྡེ་སོགས་ལ་གསོན་ཉམས་དོད་ལ་རྩེར་སོན་གྱི་ཤིང་བརྐོས་སྒྱུ་རྩལ་གྱི་བརྩམས་ཆོས་མང་པོ་མཇལ་རྒྱུ་ཡོད། ལྷག་དོན་སྒྱུ་རྩལ་གྱི་ཞིང་ཁམས་སུ་འབོད་འོས་པའི་རྩེ་ཕོ་བྲང་གི་འཛུགས་སྐྲུན་ལེ་ལག་དཔེར་ན། ཀ་བ་དང་། གཞུ། གདུང་མ་བཅས་ལ་བབས་བསྐྱངས་མ་དང་། བབས་བསྐུམ་མ། བབས་བསླངས་མ་སོགས་ཤིང་བརྩེགས་རྒྱན་སྤྲོས་རིམ་པ་བཅུ་གསུམ་གྱིས་མཛེས་པར་བྱས་ཡོད་པ་དང་། ད་དུང་སྒོ་ཡི་རུ་བཞི་དང་། རྟ་བབས། མདའ་གཡབ་སོགས་ལ་མེ་ཏོག་སྣ་ཚོགས་དང་། པདྨ། སངས་རྒྱས་ཀྱི་སྐུ་བརྙན། དེ་བཞིན་གླང་ཆེན་དང་། སེང་གེ ཤྭ་བ། འབྲུག རྨ་བྱ་སོགས་རྩ་ཆེའི་སྲོག་ཆགས། སྤྲིན་ཚོམས། ནོར་བུའི་དྲ་བ་དྲ་ཕྱེད། རྡོ་རྗེ། བུམ་པ་སོགས་མཛེས་ལ་བཀྲ་ཤིས་པའི་རྫས་སྣ་མ་ཚང་བ་མེད་པ་བརྐོས་དཀྲོལ་གྱི་བརྗོད་བྱར་གྱུར་ཡོད། ད་དུང་དུས་འཁོར་བློས་བསླངས་ཀྱི་དཀྱིལ་འཁོར་ལྷ་ཁང་ནང་ལུང་ལས་བསྟན་པའི་དག་ཞིང་གི་བཀོད་པ་ཡུལ་གྱི་མཛེས་ཉམས་ཡོད་དོ་ཅོག་བརྐོས་དཀྲོལ་གྱི་ལམ་ནས་མཚོན་པར་བྱས་ཡོད་པ་དེ་ནི་ཕོ་བྲང་དེའི་སྒྱུ་རྩལ་གྱི་རིན་ཐང་གནམ་འོག་ཏུ་གྲཌ་པའི་བརྗོད་གཞི་ཆེན་པོ་ཞིག་ཡིན།
བོད་སིལ་པོའི་དུས་དང་ཡང་སྒོས་བོད་ས་གནས་སྲིད་གཞུང་སྐབས་སུ། གསར་སྐྲུན་བྱས་པའི་གཞིས་ཀ་དང་སྐུ་དྲག་གི་གནས་གཞི་མི་ཉུང་བ་ཞིག་ད་ཆ་མཐོང་རྒྱུ་ཡོད་པ་དེ་ཚོར་ཡང་བརྐོས་དཀྲོལ་གྱི་བརྩམས་ཆོས་མང་པོ་ཡོད་པ་དེ་དག་ནི་བོད་ཀྱི་བརྐོས་དཀྲོལ་ལོ་རྒྱུས་ཀྱི་དཔང་པོ་ཞིག་ཡིན། ད་ཆ་མི་རྣམས་ཀྱི་འཚོ་བ་ཡར་རྒྱས་ཕྱིན་པ་དང་སྦྲགས། ཁྱིམ་ཚང་ཚང་མའི་ནང་མང་ཉུང་དང་གྲ་རྒྱས་མིན་ལ་མ་བལྟོས་པར་བརྐོས་དཀྲོལ་བརྒྱབ་པའི་ཁྱིམ་ཆས་ཁ་ཤས་ཡོད་པས། བརྐོས་དཀྲོལ་སྒྱུ་རྩལ་ད་ཆའི་མང་ཚོགས་ཀྱི་འཚོ་བའི་ནང་ཡོངས་སུ་སིམ་ཡོད། ལྷག་དོན་དུ་བོད་བརྒྱུད་ནང་བསྟན་དར་ཁྱབ་ཆེ་བའི་རང་ལྗོངས་ཀྱི་དགོན་སྡེ་དང་། ལྷ་ཁང་། མི་སེར་དཀྱུས་མའི་ཁྱིམ་ཚང་ཕལ་ཆེ་བ་བཅས་གང་ཞིག་ཏུ་སླེབས་རུང་། བརྐོས་དཀྲོལ་སྒྱུ་རྩལ་ངོམ་སྟོན་བྱེད་སའི་མཆོད་གཤོམ་རེ་ཡོད་པ་དེ་ཚོ་ནི་བརྐོས་དཀྲོལ་སྒྱུ་རྩལ་པ་ཚོའི་གར་སྟེགས་ལྟ་བུ་ཞིག་ཡིན་ལ། བརྐོས་དཀྲོལ་སྒྱུ་རྩལ་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞི་ལེགས་པོ་ཞིག་ཀྱང་ཡིན།
པར་བརྐོའི་ལག་རྩལ་གསར་གཏོད་བྱུང་བ།
བོད་དུ་ཤིང་བརྐོས་ལག་རྩལ་དར་ཁྱབ་བྱུང་ནས་དུས་ཡུན་རིང་པོའི་ནང་བོད་ཡིག་གི་པར་བརྐོའི་ལག་རྩལ་གསར་གཏོད་བྱུང་མེད། མིང་རྒྱལ་རབས་ཀྱི་གོང་མ་ཡུང་ལོའི་དུས་སུ་མེས་རྒྱལ་ནང་སར་བོད་ཡིག་གི་བཀའ་འགྱུར་ཟངས་དཔར་མ་ཐོག་མར་ཐོན་ཡོད། དེ་ནས་མི་རིང་བར་ཕག་གྲུ་སྡེ་སྲིད་ཁྲི་རབས་ལྔ་པ་དབང་གྲགས་པ་རྒྱལ་མཚན་གྱིས་བོད་ཀྱི་ཤིང་བརྐོས་དང་རྡོ་བརྐོས་ཀྱི་ལག་རྩལ་མཐོ་པོ་ཡོད་པ་དང་ཤིང་ཆ་འབེལ་བའི་ལེགས་ཆ་སྤྱད་ནས་ས་སྐྱ་གོང་མ་རྣམ་ལྔའི་གསུང་འབུམ་ཐོག་མར་དཔར་བརྐོས་བྱས་པ་དང་། རྗེ་ཙོང་ཁ་པ་འདས་རྗེས་སྣེའུ་རྫོང་དཔོན་ནམ་མཁའ་བཟང་པོས་སྦྱིན་བདག་བྱས་ནས་རྗེ་ཙོང་ཁ་པའི་གསུང་འབུམ་ཆ་ཚང་པར་བརྐོས་བྱས་པའི་པར་ཤིང་ལ་ཡོངས་གྲགས་སུ་དགའ་ལྡན་དཔར་རྙིང་ཟེར་ཞིང་། དཔར་ཤིང་དེའི་ཐོག་དཔར་འདེབས་བྱས་པའི་དཔེ་ཆ་མང་པོ་དེང་སང་སེ་འབྲས་དང་པོ་ཏ་ལ་སོགས་སུ་མཇལ་རྒྱུ་ཡོད། དཔར་ཤིང་དེའི་དབུའི་ལྷ་སྐུ་རྣམས་དབུ་དང་སྟོད་ཞེང་ཆེ་ལ་སྐེད་པ་དང་རྐང་ལག་ཕྲ་བས་བྱོན་ལེགས་པོ་མེད་རུང་། ཡིག་གཟུགས་ཐད་ཟངས་དཔར་དང་ཁྲོ་དཔར་ཐོག་བརྐོས་པའི་ཡིག་གཟུགས་ལྟར་ཧ་ལས་དགོས་པའི་ཆུ་ཚད་དུ་སླེབས་ཡོད་པ་རེད། བོད་དུ་དཔར་སྐྲུན་ལག་རྩལ་འཕེལ་རྒྱས་བྱུང་རྗེས། བོད་ཡོངས་ལ་དཔར་སྐྲུན་ལག་རྩལ་གྱི་སྒོ་འཕར་ཡངས་པོར་ཕྱེ་བ་མ་ཟད། བོད་ཁུལ་གཞན་དང་། ཡུན་ནན། སོག་ཡུལ་ཕྱི་ནང་སོགས་སུ་བོད་ཡིག་གི་ཤིང་དཔར་དང་ཁྲོ་དཔར་མང་པོ་ཐོན་ཡོད། དཔར་བརྐོའི་ལས་རིགས་ཀྱི་མཐོ་རླབས་གཅིག་རྗེས་གཉིས་མཐུད་དུ་འཕྱུར་བ་དང་སྦྲགས། དཔར་ཁང་མང་པོ་ཐོན་པ་མ་ཟད། འཛམ་གླིང་ཁྱོན་ལ་དུས་ད་ལྟ་ཡང་སྙན་པར་གྲགས་པའི་དཔར་ཁང་ཆེན་པོ་བཞི་ཐོན་ཡོད་པ་རེད། དེ་དག་ནི་སྤྱི་ལོ་1741ལོར། སྐབས་དེའི་བོད་ས་གནས་ཀྱི་སྲིད་འཛིན་པ་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་གྱིས་ཤིང་དཔར་གྱི་བཀའ་འགྱུར་དང་བསྟན་འགྱུར་ཆ་ཚང་ཞིག་པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་ལ་ཕུལ་ཏེ་སྣར་ཐང་དགོན་པའི་ནང་བཞག་པ་དེར་སྣར་ཐང་དཔར་ཁང་ཟེར་བ་དང་། སྤྱི་ལོ་1744ལོར། སྡེ་དགེ་རྒྱལ་པོ་བསྟན་པ་ཚེ་རིང་གིས་སྡེ་དགེ་དགོན་ཆེན་དུ་བཀའ་འགྱུར་དང་བསྟན་འགྱུར་དཔར་བརྐོས་བྱས་ནས་བཞུགས་སུ་གསོལ་བའི་དཔར་ཁང་དེར་ཕྱིས་ཡོངས་གྲགས་སུ་སྡེ་དགེ་དཔར་ཁང་ཞེས་ཟེར། སྤྱི་ལོ་1752ལོར། ཅོ་ནེ་དཔོན་བསྟན་སྲུང་ཚེ་རིང་དང་མེ་མོ་རིན་ཆེན་དཔལ་འཛོམས་གཉིས་ཀྱིས་དབུས་དཔར་དང་། པེ་ཅིང་གི་དཔར་མ། སྣར་ཐང་དཔར་མ་བཅས་ལ་ཕྱི་མོ་བྱས་ཏེ་བཀའ་བསྟན་ཆ་ཚང་ཤིང་དཔར་དུ་བརྐོས་ནས་བཞུགས་སུ་གསོལ་བར་ཅོ་ནེ་དཔར་ཁང་དུ་གྲགས། ཡང་དུས་རབས་ཉི་ཤུ་པའི་དུས་འགོར། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་རྒྱ་གར་ནས་ཕྱིར་ལོག་ཕེབས་རྗེས། པོ་ཏ་ལའི་ཞོལ་དུ་དེ་སྔ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐབས་ནས་ཡོད་མུས་ཀྱི་དཔར་ཁང་རྙིང་པ་རྒྱ་བསྐྱེད་གནང་ཐོག་བཀའ་འགྱུར་སོགས་དཔར་སྐྲུན་གནང་སྟེ་བཞུགས་པར་ཞོལ་དཔར་ཁང་ཞེས་པ་བཅས་བྱུང་། དེ་མིན་ས་སྐྱ་དགོན་དང་སེ་འབྲས་དགའ་གསུམ་གྱིས་གཙོས་པའི་བོད་ཀྱི་དགོན་སྡེ་ཁག་དང་བླ་བྲང་བཀྲ་ཤིས་འཁྱིལ་དང་རྗེ་སྐུ་འབུམ་སོགས་བོད་ཁུལ་གཞན་གྱི་དགོན་སྡེ་ཁག་སོ་སོར་ཡང་ཆོས་དཔེ་དང་། རིག་གནས་ལོ་རྒྱུས། སྨན་གཞུང་བཅས་སྐོར་གྱི་དཔར་ཤིང་ཕོན་ཆེན་ཉར་ཚགས་བྱས་ཡོད་པ་ནི་འཛམ་གླིང་ཐོག་མཐོང་དཀོན་པ་ཞིག་ཡོད། དཔར་ཁང་དེ་དག་གིས་བོད་ཀྱི་སྐད་ཡིག་གཅིག་གྱུར་དང་རིག་གཞུང་གོང་འཕེལ་གཏོང་རྒྱུར་ནུས་པ་ཆེན་པོ་ཐོན་ཡོད།
ད་ཆ་པར་སྐྲུན་ལག་རྩལ་དེང་རབས་ཅན་དུ་འགྱུར་ནས་གློག་པར་བེད་སྤྱོད་བྱེད་ཀྱི་ཡོད་རུང་། མི་རྣམས་ཀྱིས་སྔར་བཞིན་བོད་ཤོག་ཐོག་ཏུ་བརྐོས་པའི་ཤིང་དཔར་གདམ་ག་བྱ་རྒྱུར་དགའ་བས། ལྗོངས་ནང་བསྟན་མཐུན་ཚོགས་ཀྱིས་སྒྲིག་འཛུགས་བྱས་པ་དང་དཔར་བརྐོའི་ཕ་ཡུལ་དུ་གྲགས་པའི་སྙེ་མོ་རྫོང་ཕུ་གསུམ་ཤང་གི་དཔར་བརྐོ་ཚོགས་ཆུང་གིས་ལོ་ནས་ལོ་བར་གཞུང་དང་དགོན་པའི་མིང་ཐོག་ཅི་རིགས་ནས་བཀའ་འགྱུར་དང་བསྟན་འགྱུར་པར་བརྐོ་བྱེད་པ་དང་མི་སྒེར་ལ་ཡང་མཁོ་འདོན་ཞུ་གི་ཡོད། འོན་ཀྱང་པར་བརྐོའི་ཤིང་རྒྱུའི་བླང་བྱ་མཐོ་བ་མ་ཟད། ཁྱོན་ལག་ཆ་20ཙམ་སྤྱད་དེ་དཔེ་ཆ་དཔར་བརྐོ་བྱེད་པར་ལས་རིམ་9བརྒྱུད་དགོས་པ་དང་། ལྷ་སྐུར་ལས་རིམ་15ནས་116བར་བརྒྱུད་དགོས་པ། ལག་རྩལ་པ་ཉུང་བ་བཅས་ཀྱིས་མཁོ་མང་སྤྲོད་ཉུང་དུ་འགྱུར་བས་མི་སྒེར་གྱིས་བཀའ་འགྱུར་རམ་འབུམ་བླུ་ཡོན་ཞུ་དགོས་བྱུང་ན་ལོ་གཉིས་གསུམ་སྒུག་དགོས་ཀྱི་ཡོད། དེ་ལྟར་དཔར་བརྐོའི་སྒྱུ་རྩལ་ནི་སྔར་བཞིན་བོད་ཀྱི་རིག་གཞུང་དར་ཞིང་གནས་པའི་བླ་སྲོག་གནས་ས་ཞིག་ཡིན།
ད་ཆའི་བོད་ཀྱི་པར་བརྐོ་བའི་གནས་ཚུལ་ལ་གཞིགས་ན། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་སྙེ་མོ་རྫོང་ཕུ་གསུམ་ཤང་གི་དཔར་བརྐོའི་ལག་རྩལ་ལ་མི་ལོ་བརྒྱ་ཕྲག་མང་པོའི་ལོ་རྒྱུས་ཡོད་ཅིང་། དེ་སྔ་བོད་ས་གནས་སྲིད་གཞུང་ལ་དཔར་ཁྲལ་རྒྱུག་མཁན་ཞིག་ཡིན་པའི་སྙེ་མོ་བས་བོད་ཀྱི་དཔར་བརྐོའི་ལག་རྩལ་གལ་ཆེ་བ་ཚང་མ་སྒྲུབ་ཀྱི་ཡོད་སྟབས། ལྷ་སའི་དགོན་སྡེ་ཁག་དང་ས་སྐྱ་དགོན་པ་སོགས་གྲགས་ཅན་གྱི་དགོན་སྡེ་མང་པོར་སྙེ་མོ་བའི་ལག་རྗེས་བཞག་ཡོད་པ་རེད། ད་ཆ་ཤང་དེར་ཆེད་ལས་དཔར་བརྐོ་མཁན་100ལྷག་ཙམ་ཡོད་པ་དང་། འབྲེལ་ཡོད་ལས་ཞུགས་མི་སྣ་500ཙམ་ཡོད་པ་དེས་ཤང་དེའི་མི་འབོར་སྤྱིའི་28.70%ཟིན་ནས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱ་རྒྱུར་སྔར་བཞིན་འབད་བརྩོན་བྱེད་བཞིན་ཡོད།
བོད་ཀྱི་མིང་གྲགས་ཆེ་བའི་དཔར་བརྐོའི་ཕ་ཡུལ་གཞན་ཞིག་ནི། སྤྱི་ལོ་1676ལོར་སྡེ་དགེ་ཐུ་སི་སྐུ་ཐོག་བཅུ་གཉིས་པ་དང་ཆོས་རྗེ་བསྟན་པ་ཚེ་རིང་སྐུ་ཕྲེང་དྲུག་པ་རྣམ་གཉིས་ནས་སྲོལ་བཏོད་པའི་ཆབ་མདོ་འཇོ་མདའ་རྫོང་སྤོ་ལོ་རྒུ་རྩའི་དཔར་བརྐོའི་ལོ་རྒྱུས་རིང་ལ། དཔར་ཤིང་གི་རྒྱུ་ཆ་ནི་ས་གནས་དེ་གའི་སྟག་ཤིང་ཡིན་པ་དང་དཔར་བརྐོའི་སྣག་ཚ་དམར་པོ་དང་ནག་པོ་གཉིས་སྤྱོད་ཀྱི་ཡོད། སྤོ་ལོ་རྒུ་རྩའི་དཔར་ཤིང་གི་དཀྲོལ་ཚགས་དམ་པ་དང་སྤུས་ཀ་ལེགས་པས་སྡེ་དགེ་པར་ཁང་གི་དཔར་ཤིང་བརྒྱ་ཆ་བརྒྱད་ཅུ་ནི་སྤོ་ལོ་ཤང་ནས་ཐོན་ཞིང་། ལག་རྩལ་དེ་དེང་སང་ཡང་རྒྱུན་འཛིན་ལེགས་པོ་བྱུང་ཡོད་པ་དང་མིང་གྲགས་ཀྱང་ཆེན་པོ་ཡོད་པ་རེད།
ཤིང་བརྐོས་ཐང་ག
བོད་དུ་ཤིང་བརྐོས་ལག་རྩལ་ཡར་རྒྱས་ཆེན་པོ་བྱུང་བ་དང་སྦྲགས། ཤིང་བརྐོས་སྐུ་བརྙན་བཞེངས་མཁན་ཡང་ཅུང་མང་པོ་བྱུང་ཡོད་ལ་ཤིང་བརྐོས་ཀྱི་ལྡེབས་བརྙན་བརྐོ་མཁན་ཡང་མང་པོ་བྱུང་ཡོད་རུང་ཤིང་བརྐོས་ཐང་ག་ཞེས་འབོད་སྲོལ་ཆེར་མེད། ཤིང་བརྐོས་ཐང་གའི་ལས་རིམ་ཧ་ཅང་རྙོག་འཛིང་ཆེ་བས། ལག་ཆ་མི་འདྲ་བ་རིགས་བརྒྱ་ཙམ་དགོས་པ་དང་བཞིན་རས་བརྐོས་དཀྲོལ་བྱ་རྒྱུ་ནི་ལག་རྩལ་གྱི་ཚོད་བགམ་ཆེ་ཤོས་ཤིག་ཡིན། དེ་རྗེས་གྲིས་སྨྱུ་གུའི་ཚབ་བྱས་ནས་རི་ཆུ་དང་། རྩི་ཤིང་། ཁང་པ། ཁྱམས་རིང་སོགས་བརྐོ་དགོས། ལས་མཇུག་ཏུ་མདངས་འདོན་དགོས་པ་དང་ཤིང་རྒྱུ་ཁག་གཅིག་ལ་ད་དུང་ཚོན་རྩི་བྱུག་དགོས་པ་སོགས་ལས་རིམ་རྙོག་འཛིང་ཆེ་བས་ཐང་ག་གཅིག་བཞེངས་པར་མགྱོགས་ན་ཟླ་གཅིག་དང་འགོར་ན་ལོ་གཅིག་གཉིས་ནང་གཞི་ནས་ལེཌ་སྒྲུབ་ཐུབ་ཀྱི་ཡོད།
ཉེ་རབས་སུ་བོད་བརྒྱུད་ནང་བསྟན་གྱི་ཤིང་བརྐོས་ཐང་ག་བཞེངས་མཁན་མིང་གྲགས་ཆེ་ཤོས་ནི་སྐུ་འདྲ་བཞེངས་མཁན་གྱི་ཁྱིམ་དུ་སྐྱེས་པའི་ཀྲུང་གོའི་བཟོ་རྩལ་མཛེས་རྩལ་ཆེ་མོ་བ་སྐུ་ཞབས་དུང་ཡུང་ཆོན་ཡིན་ཞིང་། ཁོང་གིས་མི་རིང་བའི་གོང་གཡུ་ཐོག་ལམ་དུ་སྒྱུ་རྩལ་གྱི་རིན་ཐང་མཐོ་བའི་ཤིང་བརྐོས་ཐང་ག་35འགྲེམས་སྟོན་བྱས་པར་ལས་རིགས་གཅིག་པའི་ཁྲོད་དུ་སྐད་གྲགས་ཆེན་པོ་ཆོད་ཡོད།
སྐུ་འདྲ་དང་ལས་དབང་གཅིག་ཏུ་འབྲེལ་བ་དང་། ཡང་སྒོས་བོད་བརྒྱུད་ནང་བསྟན་གྱི་སྐུ་འདྲ་བཞེངས་རྒྱུར་ཀུན་སློང་བཟང་པོ་ཡོད་སྟབས། ཁོང་གིས་སྤྱི་ལོ་2000ལོ་ནས་བཟུང་། ཤིང་བརྐོས་དང་གཡང་ཊི་བརྐོས་མའི་ཐང་ག་བཞེངས་འགོ་ཚུཌ་པ་དང་། ལྷག་དོན་དུ་ཁོང་གིས་ཤིང་བརྐོས་ལག་རྩལ་ལ་བརྟེན་ནས་བདེ་ལྡན་ཞིང་ཁམས་གཏོད་པའི་དམ་བཅའ་ལྟར་བོད་བརྒྱུད་ནང་བསྟན་གྱི་སྐུ་བརྙན་300བརྐོས་དཀྲོལ་བྱས་ཡོད།
ཁོང་གིས་ཀྲུང་གོའི་ཤིང་བརྐོས་ལག་རྩལ་ཆེ་མོ་བཞིའི་གྲས་སུ་གྱུར་བའི་ཧྲན་ཏུང་ཏུང་ཡང་གི་ཤིང་བརྐོས་རྒྱག་སྲོལ་རྨང་གཞིར་བྱས་ཐོག བོད་ཤར་རྒྱུད་ཀྱི་ཀརྨ་སྒར་བྲིས་ཀྱི་ལུགས་དང་ད་དུང་སྨན་གསར་ལུགས་ཀྱི་ཐང་ག་འབྲི་སྲོལ་སྤྱད་ནས་འབྲི་ཆུའི་ལྷོ་རྒྱུད་ཀྱི་འབུར་བརྐོས་ཉམས་འགྱུར་ལྡན་ལ་བོད་བརྒྱུད་ནང་བསྟན་གྱི་ཐང་ག་འབྲི་སྲོལ་གྱི་རྩ་དོན་དང་མཐུན་པར་བྱས་ཡོད། མདོར་ན། ཁོང་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་ལུགས་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་དང་ནང་སའི་རི་ཆུ་མཚོན་སྟངས་ཀྱི་རི་མོའི་སྙིང་བཅུད་ཟུང་འབྲེལ་ལེགས་པོ་བྱས་ཡོད་པ་ནི་ཁོང་གི་ཤིང་བརྐོས་སྒྱུ་རྩལ་ལ་མི་རྣམས་ཀྱིས་ཡིད་སྨོན་སྐྱེ་བའི་གནས་དམ་པ་དེ་ཡིན།