ཟླ་གསུམ་པའི་ཟླ་མཇུག་གི་ཉིང་ཁྲི་ཡི་གནམ་གཤིས་དེ་འདྲ་དྲོས་མེད་ནའང་མཛེས་ཤིང་སྡུག་པའི་ཁམ་བུའི་མེ་ཏོག་ནི་རི་ལུང་ཐམས་ཅད་དུ་ཁྲ་ལམ་ལམ་གྱིས་བཞད་པས། དཔྱིད་ཀྱི་སྒེག་མོ་ནི་དངོས་སུ་འདིར་ཕེབས་ནས་བྱིན་གྱིས་རླབས་པ་དང་མཚུངས་ལ། ཕྱོགས་བཅུའི་འགྲོན་པོ་དག་ཀྱང་ཡིད་ཀྱི་དབང་བོ་དབང་མེད་དུ་འཕྲོག་ནས་ཡུལ་འདིར་བསྙེགས་ཏེ་གནས་མཆོག་འདིའི་མཛེས་སྡུག་གི་དཔལ་ལ་རོལ་བཞིན་འདུག
ཉིང་ཁྲིའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། 2002ལོ་ནས་བཟུང་ཉིང་ཁྲིས་ལོ་ལྟར་ཟླ་གསུམ་པ་དང་བཞི་པའི་བར་ཁམ་བུའི་མེ་ཏོག་དུས་ཆེན་རོལ་གྱིན་ཡོད་ལ། ད་ལོ་ནི་སྐབས་བཅོ་ལྔ་བ་ཡིན་ཞིང་། ཟླ་3ཚེས་25ཉིན་ཁམ་བུའི་མེ་ཏོག་དུས་ཆེན་གྱི་བརྗོད་དོན་གཙོ་བོ་“མི་ཡུལ་གྱི་ཞིང་ཁམས། མཛེས་སྡུག་གི་ཉིང་ཁྲི”ཞེས་པ་མགོ་བརྩམས་ཏེ་ཕྱོགས་ཀུན་གྱི་འགྲོན་པོ་བསུས།
ལྷ་ས་ནས་རྒྱལ་ལམ་318བརྒྱུད་ཤར་ལྷོའི་མཚམས་ཀྱི་ཉིང་ཁྲིར་བསྐྱོད་སྐབས་ལམ་བར་གྱི་ནགས་ཤིང་སྟུག་པོའི་ཁྲོད་ནས་མེ་ཏོག་གི་དྲི་ཞིམ་ཕྱོགས་བཞིར་འཐུལ་ཡོད་ལ། ནགས་ཚལ་དང་། གནམ་སྔོན། འཁྱགས་རོམ། མཚོ་མོ་བཅས་གངས་རི་དང་གཅིག་རྒྱན་གཅིག་སྤྲས་བྱས་ཡོད་ཅིང་། གངས་ཀྱིས་བཀླུབས་པའི་རི་བོའི་འདབས་སུ་ཁམ་བུའི་མེ་ཏོག་རྣམ་པར་བཞད་ཡོད།
ཉིང་ཁྲི་ཁམ་བུའི་མེ་ཏོག་གྲོང་ཚོ་སྟེ། ཀ་ལ་གྲོང་ནི་ཉིང་ཁྲིའི་བྲག་གཡབ་ཁུལ་ལས་ཆེས་མཛེས་པ་ཡིན་ལ། སྙན་གྲགས་རབ་ཏུ་འབར་བའི་གངས་རི་གནམ་ལྕགས་འབར་བའི་འདབས་རོལ་དང་། ཉང་ཆུའི་ངོགས་གཉིས་ཀྱི་རི་ལྡེབས་སུ་ཁམ་བུའི་མེ་ཏོག་དང་གྲོ་ཞིང་གིས་ཕན་ཚུན་བརྒྱན་ཞིང་། ཕྱོགས་གསུམ་དུ་རི་བོས་བསྐོར་བའི་ཁམ་བུའི་མེ་ཏོག་གི་ལུང་ཤུར་དུ་ཤང་ཤང་དུ་རྒྱུག་པའི་ཆུ་ཕྲན་དང་། ཁམ་བུའི་མེ་ཏོག་བཞད་པའི་ཁམ་སྡོང་། རྒྱང་རིང་གི་བརྗིད་ཉམས་ལྡན་པའི་གངས་རི་བཅས་ལས་མཛེས་སྡུག་ལྡན་པའི་རི་མོ་ཞིག་ཏུ་གྲུབ་ཡོད།
ཐེངས་འདིའི་དུས་ཆེན་གྱི“ཁམ་བུའི་མེ་ཏོག་གི་ལྷ་མོའི”འདེམས་བསྐོའི་འགྲན་བསྡུར་སྟེང་གི་རི་དྭགས་མིག་ཅན་དག