ཤ་རྫོང་ཞེས་བ་ནི་གནས་འདིར་ཤ་བའི་རིགས་འཚོ་གནས་བྱེད་ས་ཡིན་པས་ཏེ་ལྟར་བཏགས། གནས་འདིར་ཁ་ཁུག་སིམ་ཞིང་། རི་ཡི་བང་རིམ་ལ་ཚང་ཚིང་སྟུག་པོའི་ནགས་ཚལ་སོགས་སྡུག་གུར་བཀྲ་བའི་མཚོ་སྔོན་གྱི་མིང་དུ་གྲགས་པའི་མཛེས་ལྗོངས་ཤིག་ཡིན། ལོ་རྒྱུས་སྟེང་འདི་དང་། བྲག་དཀར་སྤྲེལ་རྫོང་། ཨ་ཆུང་གནམ་རྫོང་། ཕུ་ལན་ཡང་རྫོང་བཅས་ལ་ཨ་མདོའི་རྫོང་ཆེན་བཞི་ཞེས་གྲགས། བཤད་རྒྱུན་ལ་ཏུན་ཅིན་ཨན་ལུང་ཨན་གྱི་ལོ་གསུམ(399)པར། རྒྱའི་གྲྭ་བ་ཧྥ་ཞན་སོགས་འཕགས་ཡུལ་དུ་ཆོས་སློབ་པར་འགྲོ་སྐབས་སུ་གནས་འདིར་ཡོང་ནས་བསྡད་མྱོང་ཟེར། སུང་རྒྱལ་རབས་ཀྱི་སྐབས་སུ་གནས་འདིར་སྒྲུབ་ཁང་བཞེངས། སུང་ལྷོ་མའི་ཅན་ཡན་ལོ་དུས་སུང་རྒྱལ་རབས་ཀྱིས་ས་འདོར་ཙོང་ཁའི་རྒྱལ་བོའི་རྒྱུད་པ་གཞི་མ་རྟ་མགྲིན་ཟེར་བ་རྙེད་ཅིང་། ཀྲོང་ཧོའང་ཨང་ཞེས་པའི་མཚན་གནང་། དེ་ཙོང་ཁའི་ཡུལ་ཁམས་ཀྱི་བདག་སྐྱོང་བྱེད་པོར་བསྐོས་པ་ལ་བརྟེན་ནས་སྒྲུབ་ཁང་འདིའང་རྒྱ་བསྐྱེད་ཐུབ་པ་བྱུང་། སྤྱི་ལོ་1359ལོར་ཀརྨ་ཞྭ་ནག་པ་སྐུ་ཕྲེང་བཞི་པ་རོལ་པའི་རྡོ་རྗེ་(1340——1383)ཡོན་གོང་མ་གདན་འདྲེན་ཞུས་པ་ལྟར་མཚོ་སྔོན་བརྒྱུད་ནས་པེ་ཅིན་དུ་ཕེབས་སྐབས་ཤ་ཨང་རྫོང་རི་ཁྲོད་དུ་བཞུགས་ཤིང་། རྗེ་བླ་མ་ཙོང་ཁ་ཆེན་པོར་དགེ་བསྙེན་བསྒྲུབས། ཆོས་རྗེ་དོན་གྲུབ་རིན་ཆེན་དང་འདུལ་བ་ཆོས་རྗེ་འོད་ཟེར་རྒྱ་མཚོ་སོགས་ཀྱང་གནས་འདིར་ཡུན་རིང་བཞུགས། ཀརྨ་པ་སྐུ་འདས་རྗེས་གྲུབ་ཆེན་གནམ་སྔོན་རབ་འབྱམས་པས་ཀརྨ་པའི་སྐུ་གདུང་མཆོད་རྟེན་དང་གཙུག་ལག་ཁང་བཞེངས། དེ་རྗེས་རྒྱལ་དབང་ལྔ་པའི་སྐབས་ཧན་སྟག་ལུང་སྐུ་སྐྱེས་སྒྲུབ་སྡེ་གསར་དུ་བཙུགས། དེར་ལྔ་པ་ཆེན་མོས་དགའ་ལྡན་སྐྱེད་ཚལ་ཞེས་པའི་མཚན་བསྩལ། ཆན་ལུང་ལོ་ཞེ་བཞི་པར་(1779)སྟག་མཚེར་སྐུ་ཕྲེང་གཉིས་པ་ཡེ་ཤེས་སྐལ་བཟང་གིས་གཞི་བཟུང་ནས་རྒྱ་བསྐྱེད་པ་དང་། ཐུབ་པའི་དབང་བོ། བྱམས་མགོན། མི་འཁྲུག་པ་བཅས་ཀྱི་སྐུ་བརྙན་གསར་བཞེངས་བྱས། སྟག་མཚེར་སྐུ་ཕྲེང་གསུམ་པ་བློ་བཟང་མཁས་གྲུབ་ཉི་མས་ཀྱང་སླར་ཡང་འདུ་ཁང་གསར་བཞེངས་གནང་། དེ་ནས་བཟུང་ཤ་རྫོང་རི་ཁྲོད་འདི་གནས་སྔ་མོའི་སྒྲུབ་ཁང་ནས་རྒྱ་ཁྱོན་ཅུང་ཆེ་བའི་དགེ་ལུགས་པའི་དགོན་པ་ཞིག་ཏུ་གྱུར། མདུན་ངོས་སུ་རྗེ་བླ་མ་དགེ་བརྙེན་བསྒྲུབས་པའི་དབུ་སྐྲ་དོར་ཤུལ་དུ་སྐྱེས་པའི་ཤུག་སྡོང་བཞུགས།།