༄༅།།ཆག་ལོ་ཙཱ་བ་དང་ལྷན་དུ་རྒྱ་གར་འཕགས་ཡུལ་དུ་བསྐྱོད་པ།

སྒོ་བུ་ཤ་བོ་ཚེ་རིང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-06


ཟིན་བྲིས་པ། སྒོ་བུ་ཤ་བོ་ཚེ་རིང་། 
དང་པོ།

        དུས་རབས་བཅུ་གསུམ་པའི་སྟོད་ཀྱི་ཆར། དགུང་ལོ་སུམ་ཅུ་རྩ་དགུ་ཙམ་ལ་སོན་པའི་བོད་པ་ཞིག་རི་ཆེན་པོ་ཧི་མ་ལ་ཡ་དང་ཆུ་ཆེན་པོ་གང་གཱ་བརྒལ་ནས་རྒྱ་གར་རྡོ་རྗེ་གདན་དུ་འབྱོར། དེར་གནས་པའི་དཀོན་གཉེར་ཚོས་གང་ནས་ཡིན་པར་དྲིས་པ་ལ་བོད་པ་དེས“བྷོ་ཌ་ཧོ”ཞེས་སཾསྐྲྀ་ཏའི་སྐད་ཀྱིས་བོད་ཡིན་པར་བརྗོད་པས། ཁོང་ཅག་གིས་རྫུན་དུ་སྙམ་ནས་ཡིད་གཉིས་ཐེ་ཚོམ་དུ་ལུས། དེ་དུས་གཅིག་ན་རེ། བོད་རང་དུ་འདུག་བོད་ལྷམ་གྱོན་པའི་རྟགས་སུ་ཞབས་ཀྱི་སེན་མོ་རྣམས་ཀྱོང་ངེ་བ་འདུག་ཅེས་གསུངས། ལར་ན་མི་རྣམས་ཀྱིས་སྐད་ཀྱི་གདངས་དང་། ལུས་ཀྱི་ཆ་ལུགས།  གདོང་གི་ཚུགས་ཀར་གཞིགས་ནས་རིགས་གང་དུ་བཀར་བ་ནི་སྤྱི་ཐུན་གྱི་ལས་ཡིན་མོད།  ཐོབ་ཐང་ལག་འཁྱེར་སོགས་གང་ཡང་མི་དགོས་པར་ཞབས་ཀྱི་སེན་མོ་ཀྱོང་མིན་གྱིས་བོད་དུ་བརྟག་པ་ནི་དགོད་བྲོ་བ་ཞིག་རེད།

འཕགས་པ་ཤིང་ཀུན།
        གོང་གི་བོད་པ་དེ་ནི་སཾསྐྲྀ་ཏའི་སྐད་ལ་ཐོགས་པ་མེད་པས་རྒྱ་གར་གྱི་པཎ་ཆེན་ཡང་སྐྱེངས་སུ་བཅུག་ནུས་པ་དང་།   ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་ཀྱང“ལོ་ཙཱ་བ་རིན་ཆེན་བཟང་བོའི་རྟིང་ལ་ཁྱེད་ལས་མཁས་པ་མ་བྱུང་ངེས་པ་ཡིན་”ཞེས་བསྟོད་མྱོང་པའི་ལོ་ཙཱ་བ་ཆག་ཆོས་རྗེ་དཔལ་ཞུ་བ་དེ་ཡིན།  ཁོང་གི་འཁྲུངས་ཡུལ་ནི་དེང་གི་དབུས་ལྷོ་ཁ་ལྷུན་རྩེ་རྫོང་གི་ཆར་གཏོགས་པའི་གཉལ་ལྟེའུ་རའི་བྱང་ཕྱོགས་སུ་མཆིས་པ་ཆག་གྲོང་ཡིན་པས་ལོ་ཙཱ་བ་ཁུ་དབོན་རྣམ་གཉིས་ཀྱི་མཚན་གྱི་མགོར་ཆག་དགྲ་བཅོམ་དཔལ་དང་ཆག་ཆོས་རྗེ་དཔལ་ཞེས་ཆག་འཇོག་པ་ཡང་གདུང་རུས་ཀྱིས་མིན་པར་ས་མིང་གི་རྐྱེན་གྱིས་སམ། ཡང་ན་སྔོན་གདུང་རུས་ཀྱི་མིང་ཡུལ་མིང་ལ་ཆགས་སམ་ཅི།   ཁོང་གི་ཡབ་ལ་དར་མ་འབྱུང་གནས་དང་ཡུམ་ལ་ཆོས་འབུམ་ཞེས་ཞུ་བར་གྲགས།
དགུང་ལོ་བཅུ་གཅིག་ནས་ཉེར་གཅིག་གི་བར་ཁུ་བོ་ཆག་ལོ་ཙཱ་བ་དགྲ་བཅོམ་དང་འབྲལ་མེད་ཀྱིས་བདེ་མཆོག་གི་དབང་དང་།  སྔགས་མཚན་ཉིད་ཀྱི་གཞུང་གདམས་ངག་མང་པོ་ཞུས།  རྣམ་ཐར་དུ་དགུང་ལོ་བདུན་ནས་རྒྱ་ཡིག་དང་བོད་ཡིག་སློབ་པར་གསུངས་པར་དཔགས་ན་ཁུ་བོ་ལས་སཾསྐྲྀ་ཏའི་སྐད་ཀྱང་ཆུང་ངུ་ནས་སྦྱང་པར་སྙམ་སྟེ། བལ་ཡུལ་དུ་བཞུགས་དུས་ཁོང་གིས་བོད་པ་རྣམས་ལ་ལོ་ཙཱ་མཛད་ནས་བླ་མ་རིན་པོ་ཆེ་འཚོ་ལས་དཔལ་བདེ་མཆོག་ལྷ་བཅུ་གསུམ་མའི་དབང་ལ་སོགས་ཞུས་པ་ལྟར་རོ། །  
གཉིས་པ།

        ཆག་ལོ་ཆོས་རྗེ་རྒྱ་གར་དུ་སློབ་གཉེར་ལ་སྐྱོད་དུས་ནི་ཁ་ཆེ་འམ། ཏུ་རུ་ཀ་འམ། གར་ལོག་གམ། 《གཏམ་རྒྱུད་གསེར་ཐང》སོགས་སུ་ཀླ་ཀློ་རུ་འབོད་པ་རྣམས་ཀྱིས་རྒྱ་གར་ལ་བཙན་འཛུལ་གྱིས་ནང་བསྟན་གཙོ་བྱས་པའི་རྒྱ་གར་གྱི་སྲིད་འབྱོར་རིག་གསུམ་གང་ཐད་ལ་གཏོར་བརླག་ཚབས་ཆེན་ཐེབས་པའི་དུས་ཤིག་ཏུ་འཁེལ་བས། རྣམ་ཐར་རང་དུ་ཡང་ཁོང་ཉིད་བལ་བོ་ནས་རྒྱ་གར་དུ་ལམ་ལ་ཆས་དུས་བླ་མ་གཉིས་མ་གཏོགས་ཁྲོ་ཕུ་བ་དང་ས་སྐྱ་བ་སོགས་ཀྱིས་སྐུ་ཚེ་ལ་བར་ཆད་འོང་བར་བསམས་ནས་བཤོལ་བཏབ་པ་ལས་ཀྱང་གསལ་བ་ལྟར་རེད། ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་མཛད་པའི་ཁ་ཆེ་པཎ་ཆེན་བོད་དུ་ཕེབས་པར་ཞུ་བའི་ཡི་གེ་ལས“མ་ག་ངྷ་སོགས་རིག་འབྱུང་གནས་ནི་སྡིག་ཏོ་ཡིས།  །  དམག་ཚོགས་ཀྱིས་བཅོམ་ཨུ་ཌི་ཁ་ཆེ་བལ་ཡུལ་ཡང་།། ལོག་སྤྱོད་ཀྱིས་ཁེངས་་་་་།”ཞེས་གསུངས་པའི་ཡུལ་དུས་གནས་སྐབས་དེ་འདྲ་ཞིག་ཏུ་ཆག་ལོ་ཙཱ་བ་དེ་ཉིད་ཞུམ་པ་མེད་པར་འཕགས་ཡུལ་དུ་བསྐྱོད་པ་རེད། 

གྲོང་ཁྱེར་ཡངས་པ་ཅན་གྱི་ཤུལ།
        རྣམ་ཐར་དུ་ལོ་ཙཱ་བ་འདི་ཉིད་ནཱལེནྡྲ་ལ་བཞུགས་དུས་གར་ལོག་གི་དམག་དཔུང་ཡོང་པར་འཕྲིན་བྱུང་བས།  དེར་འདུས་ཀྱི་མི་ཐམས་ཅད་བྲོས་མཐར།  ལོ་ཙཱ་བས་རང་གི་བླ་མ་དཔལ་སྒྲ་གཅན་འཛིན་བཟང་པོ་དགུང་ལོ་དགུ་བཅུ་ལ་སོན་པའི་མཁན་པོ་དེ་ཉིད་ཁུར་ནས་བྲོས་པའི་གཏམ་རྒྱུད་ཡིད་འཁུལ་བ་ཞིག་ཞིབ་མོས་བརྗོད་པ་མ་ཟད།དུས་སྐབས་དེར་ཏུ་རུ་ཀས་རྒྱ་གར་དུ་བཙན་འཛུལ་བྱེད་པའི་གནས་ཚུལ་ཡང་མང་པོ་བྲིས་ཡོད་དེ། “ཡངས་པ་ཅན་དུ་སླེབས་པ་ན་མི་ཐམས་ཅད་གར་ལོག་གིས་འཇིགས་པས་་་་་་་་་་།དེ་ནས་ཐོ་རངས་དེ་ལྗོངས་ཡངས་པ་ཅན་གྱི་མི་ཐམས་ཅད་བྲོས།་་་་་་་་་་་་ཉི་མ་ཤར་ནས་སྒོ་མདུན་དུ་བྱོན་པ་ན་ཡོན་བདག་མོ་གཅིག་ཡས་ནས་བྱུང་སྟེ། མགྲོན་པོ་ཀུན། གཏམ་སྙན་པོ་བཟླས་སུ་ཡོད་དོ་ཞེས་ཟེར་ཏེ་དམག་རྒྱ་གར་ནུབ་ཕྱོགས་ལ་སོང་ངོ་ཟེར། དེར་ཐམས་ཅད་དགའ་ཚོར་ཆེན་པོ་བྱུང་།”ཞེས་དང་།“རྡོ་རྗེ་གདན་དུ་ཡོད་དུས་སུ་ནམ་ལངས་ནས་བྱང་ཕྱོགས་ལ་ཤིང་རྟ་དྲངས་པའི་རྗེས་སུ་འབྲངས་ནས་བྲོས་ནས་་་་་་་་་་་་་། དེའི་དུས་སུ་ཡང་བུད་མེད་ཅིག་བྱུང་ནས་གར་ལོག་ཐག་རིང་པོ་ཞིག་ཏུ་སོང་ནས་མེད་ཟེར་བའི་གཏམ་སྙན་པོ་བསྒྲགས་སོ།།”ཞེས་གར་ལོག་གི་དཔུང་ཚོགས་ཡོད་མེད་ལ་སོ་བྱེད་མཁན་བུད་མེད་ཡིན་པ་འདི་ལས་དེ་དུས་ཀྱི་རྒྱ་གར་ནི་“ཕོ་ཟད་མོ་ལ་ཐུག།   མོ་ཟད་རྡོ་ལ་ཐུག་པ”ལྟ་བུའི་དུས་སྐབས་ཤིག་ཏུ་སླེབས་ཨེ་ཡོད་སྙམ།  

ཆུ་བོ་གང་གཱ

        ཡ་ང་སྙིང་རྗེ་བྲལ་བའི་དཔུང་ཚོགས་ཀྱིས་སྐྱེས་པ་ཐམས་ཅད་འཆི་ལམ་དུ་བརྫངས།  སྡོད་ཁང་ཐམས་ཅད་མེ་རུ་སྒྲོན།  རྒྱུ་ནོར་ཐམས་ཅད་བཙན་གྱིས་ཕྲོགས།   བུད་མེད་ཐམས་ཅད་བྲན་དུ་འཁོལ་བ་གོར་མ་ཆག   དེ་ནས“བི་ཀྲ་མ་ཤི་ལ་ཆོས་རྗེ་གོང་མའི་དྲུང་དང་། ཁ་ཆེ་པཎ་ཆེན་གྱི་དུས་ན་ཡོད་པ་ན།   ཆོས་རྗེ་བྱོན་པ་གར་ལོག་གིས་རྨང་རྡོའང་བཏོན་ཏེ་ཆུ་བོ་གང་ག་ལ་བསྐྱུར་ནས་མི་འདུག་གསུངས།”ཞེས་དང་ །  སྐུ་ཡི“སྨིན་མཚམས་ན་ནོར་བུ་རིན་པོ་ཆེ་གཅིག་ཡོད་པའི་འོད་ཀྱིས་སྔོན་གྱི་དུས་ནུབ་མོའང་ཡི་གེ་མཐོང་བ་གར་ལོག་གིས་སྐས་བཙུགས་ནས་གཟོང་གིས་བཏོན”ཞེས་དང་། ཡང“ཡེ་ཤེས་ཀྱི་མགོན་པོ་འདི་ནི་དུར་ཁྲོད་བསིལ་བའི་ཚལ་དུ་རྡོ་ལ་རང་བྱུང་དུ་བྱོན་པ་ལ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་རྙེད་ནས་སྤྱན་དྲངས་ཏེ་བཞུགས་སུ་གསོལ་བ་ཡིན།  སྔོན་གར་ལོག་གིས་འདིའི་རྡོ་ཐམས་ཅད་ཁྱེར།   སྐུ་ལ་སྣུམ་བྱུགས་པ་དང་།  ཕྱག་འཚལ་བའི་དོད་པོར་མི་གཙང་བས་བྱུགས།   ཐལ་བ་གཏོར།  འཕོངས་བསྟན་པ”སོགས་བྱས་པ་འདི་དག་ལས་བཙན་འཛུལ་བས་ནང་བའི་གཙུག་ལག་ཁང་དང་བཅས་པའི་རྟེན་མཐའ་དག་ལ་འོ་བརྒྱལ་ཚད་མེད་བྱས་པ་ང་ཚོས་རྗེས་སུ་དཔགས་ཐུབ།  ཆོས་རྗེ་དཔལ་ནཱལེནྡྲ་རུ་བྱོན་དུས“ཏུ་རུ་ཁས་ཉམས་དམས་བྱས་པས་ཞབས་ཏོག་བྱེད་པ་དང་།   མཆོད་འབུལ་མཁན་མེད་པ་ཤས་ཆེ་སྟེ།   སོ་ཕག་གིས་བརྩིགས་པས་མ་ཞིག་པ་མང་པོ་འདུག ”ཅེས་པ་ཡང་ངོ་།། 

མ་ག་དྷའི་ས་ཁྲ།
        དེ་ལྟ་ནའང་།  ནང་བའི་བཙུན་པ་ཚོར་ཁྲབ་རྨོག་ཕུབ་གསུམ་གྱིས་མ་རུངས་དཔུང་ཚོགས་བཟློག་པའི་དཔའ་སྤོབས་མེད་ཀྱང་། རང་གི་ཡབ་མེས་ནས་བརྒྱུད་པའི་རྟེན་དང་བརྟེན་པ་རྣམས་ལ་ཤེས་ནུས་འཇོན་གསུམ་གྱིས་སྲུང་སྐྱོབ་བྱེད་པའི་ཐབས་འཐེན་པ་འདི་ལྟ་སྟེ།
“བླ་མ་ཆོས་རྗེ་རྡོ་རྗེ་གདན་དུ་བྱོན་དུས་སུ་མི་གཅིག་ཀྱང་མི་འདུག་པ་ལ་གྲོང་བཙུན་པ་བཞི་ཡོད་པའི་རྒྱུས་ཅན་ཞིག་ན་རེ།   མ་ལེགས།  གར་ལོག་གིས་ཉེན་ནས་བྲོས་པ་ཡིན་ཟེར།   བྱང་ཆུབ་ཆེན་པོའི་སྐུ་དེའི་སྒོ་སོ་ཕག་གིས་ལེགས་པར་བརྩིགས།   ཞལ་ཞལ་བྱས། དེའི་རྩར་སྐུ་གཅིག་བཞག་སྟེ་རྫུས་མ་སྐུ་ཚབ་ཏུ་བྱས།   ཕྱི་སྒོའང་འདམ་ཞལ་བརྒྱབ་ནས་དེར་དབང་ཕྱུག་ཆེན་པོའི་སྐུ་གཅིག་བྲིས་པས་དེ་མུ་སྟེགས་ཀྱིས་མི་བཤིག་པའི་ཐབས་བྱས་འདུག” ཅེས་པའི་ཚིག་དུམ་གཅིག་པུ་ལ་སོམས་དང་། འདི་ཉིད་ཀློག་ཐེངས་རེར་ཕྲན་གྱི་སེམས་ངོར་ཏུན་ཧོང་ཡིག་རྙིང་གི་བྱུང་བ་དྲན་འོང་།  ད་ལྟའི་བར་དུ་ཅིའི་ཕྱིར་སངས་རྒྱས་སྟོང་གི་བྲག་ཕུག(莫高窟)ཏུ་གནའ་དཔེ་སྟོང་ཕྲག་མང་པོ་སྦས་དགོས་པའི་གསང་གནད་ཐད་ལ་ལྟ་ཚུལ་རིགས་མི་འདྲ་བ་ལྔ་ཙམ་བཏོན་འདུག་ཀྱང་།   ཕྲན་གྱིས་ནི་པོ་ཞིས་ཧི(伯希和)ལགས་ཀྱིས་ཐོག་མར་བཞེད་པའི་ཉེན་གཡོལ་སྨྲ་བ(逼难说)ལ་འཐད་པའི་དཔེ་ཡི་སྒྲུབ་བྱེད་ལ་འདིས་གཅིག་པུས་ཀྱང་ཆོག་པར་སྙམ་མོ།། 
རྡོ་རྗེ་གདན།
གསུམ་པ།
        རྣམ་ཐར་འདི་ལ《ཆག་ལོའི་ལམ་ཡིག》ཅེས་ཀུན་གྱིས་རྩིས་མཐོང་ཆེན་པོ་གནང་བ་ཡང་དམིགས་གསལ་གྱི་ཡུལ་དུས་ཀྱི་དམིགས་གསལ་གྱི་གནས་ཚུལ་མང་པོ་ཞིག་མ་གསང་མ་སྦས་པར་དྲང་བོས་བྲིས་པས། འདི་ལས་ང་ཚོས་སྐབས་དེའི་ལོ་རྒྱུས་ལ་རྒྱུས་ལོན་བྱེད་ནུས་པ་མ་ཟད།  རྒྱ་གར་ཡུལ་གྱི་བཀོད་པ་དང་། ནང་བའི་གཙུག་ལག་ཁང་དང་དེར་བཞུགས་པའི་སྐུ་རྟེན་གྱི་གནས་ཚུལ། སྒོས་སུ་རྒྱ་གར་གྱི་ཡུལ་སྲོལ་གོམས་གཤིས་དང་། ལམ་གྱི་དཀའ་སྡུག་སོགས་ཀྱང་ཟུར་ནས་མཐོང་ཐུབ་པ་ཞིག་རེད། 
བྱང་ཆུབ་ཤིང་།
རྣམ་ཐར་འདི་ནི་ས་བཅད་ཆེན་པོ་གཉིས་ཀྱིས་གྲུབ་ཅེ་ན་ཡང་ཐལ་མི་ཆེ་སྟེ།
1   ལོ་ཙཱ་བའི་སློབ་གཉེར་གྱི་ལམ་བུ་སྟེ་བོད་ནས་རྒྱ་གར་འཕགས་ཡུལ་དུ་འགྲིམས་པ།
        དབུས་ཀྱི་གཉལ་ལྟེའུ་ར། →གཙང་། →བལ་བོ།→ཏི་ར་ཧུ་ཏི།  →གྲོང་ཁྱེར་པ་ཏ།→ཡངས་པ་ཅན་གྱི་གྲོང་ཁྱེར།→ཆུ་བོ་གང་གཱ→མ་ག་ངྷ།→(རྡོ་རྗེ་གདན།→ཆུ་བོ་ནེ་རཉྫ་ན།→བྱ་རྒོད་ཕུང་པོའི་རི།→རྒྱལ་པོའི་ཁབ།→ནཱལེནྡྲ།)
2   ལོ་ཙཱ་བས་འགྲོ་དོན་སྐྱོང་བའི་ལམ་བུ་སྟེ་རྒྱ་གར་ནས་བོད་དུ་ལོག་ཅིང་མཛད་འཕྲིན་སྐྱོང་བ།
        མ་ག་ངྷ།→ཆུ་བོ་གང་གཱ→ཏི་ར་ཧུ་ཏི།→བལ་ཡུལ།→ཡང་དོག→དབུས་ཀྱི་གཉལ།→ཡར་ལུང་སྟག་ཚལ།→ཐང་པོ་ཆེ།→གུང་ཐང་།→འཇུ་ཕུར།→རི་གུང་།→ས་སྐྱ།→གཉལ་གྱི་ལྟེའུ་ར།
 ཞེས་ལམ་ཐིག་ཆེན་པོ་གཉིས་ཀྱིས་གྲུབ་འདུག ལམ་ཡིག་འདིར་ལམ་ཡུལ་གྱི་བཀོད་པ་ངོ་སྤྲོད་པ་ཤིན་ཏུ་ཁ་གསལ་ཏེ། ཕྱིས་ཀྱི་བླ་ཆེན་སྐྱེས་ཆེན་དག་གི་རྣམ་ཐར་བཞིན་ཚིག་རྒྱན་དང་མངོན་བརྗོད་ཀྱིས་བཅིངས་དྲག་སྟེ་ཇ་བཞེས་པ་ཙམ་ལ་ཡང་ཡིག་ཚོགས་བརྒྱ་ཕྲག་ལྷག་ལ་ལོངས་པ་ལྟ་བུ་མིན་པར།“གྲོང་ཁྱེར་པ་ཏ་བྱ་བ་མི་ཁྱིམ་འབུམ་ཚོ་དྲུག་ཡོད། ལྕགས་རི་བདུན་གྱིས་བསྐོར་བ། ལྕགས་རི་མཐོ་བ་ལ་བོད་ཀྱི་མཁར་ཙམ་པ།  དེའི་ཕྱི་རོལ་དུ་ཆུ་དང་ཤིང་ལ་སོགས་པའི་འོབས་ཉི་ཤུ་རྩ་གཅིག་གིས་བསྐོར་བའི་དབུས་ན་རྒྱལ་པོའི་ཕོ་བྲང་ཡོད། དེ་ལ་སྒོ་མོ་ཆེ་བ་བཅུ་གཅིག་ཡོད།  ཤར་ནུབ་ལྷོ་ན་གསུམ་གསུམ། བྱང་ན་གཉིས། བྱང་གི་གཉིས་པོ་མ་མཐོང་། གཞན་རྣམས་ལ་སྒོ་མདུན་ན་ཟམ་པ་ཡོད། ཟམ་པའི་ཕྱི་རོལ་ན་གོ་མཚོན་མདུན་ན་བཞག་པའི་མེ་མདའ་འཕེན་པ་བཅུ་ལྷག་རེ་རེ་ཡོད། ཟོན་བྱེད་པ་འདྲ། དེ་ལ་ཏུ་རུ་སྐ་གར་ལོག་ཟེར་བའི་དམག་གིས་ལོ་སྐོར་གཅིག་ཏུ་དམག་དྲངས་ཀྱང་མ་ཕབ་སྐད།” 
སངས་རྒྱས་ཀྱི་ཞབས་རྗེས།
        དེ་བཞིན་ཆུ་བོ་གང་གའི་སྐབས་སུ་ཡང་།“དེ་ནས་ཡངས་པ་ཅན་གྱི་མཐའ་ནས་རྡོ་རྗེ་གདན་དུ་ལྷོར་ཉིན་ལམ་བརྒྱད་ཡོད། ཆུ་བོ་གང་ག་ཡོད། དེ་ནི་ནུབ་ནས་ཤར་དུ་འབབ་པ་ཞོགས་པ་སྔ་མོ་ནས་གྲུ་ལ་ཕྱིན་ཀྱང་ཕ་རོལ་ཏུ་དགོང་མོ་ལས་མི་སླེབས་པ།་་་་་་་་ཆུ་བོ་དེའི་ནང་ནས་ཆུ་སྲིན་ན་ཀྲ་ཞེས་པ་གཡག་ཙམ་གཅིག་བྱུང་ནས། རེས་འགའ་གྲུ་རྡིབ་ཏུ་འཇུག  རེས་འགའ་གྲུའི་ནང་ནས་མི་བཟུང་ནས་ཁར་འཁྱེར་འགྲོ་བས་ཤིན་ཏུ་འཇིགས་པ་ཆེའོ།།”ཞེས་པ་དང་མ་ཧེའི་འཇིགས་པ་སོགས་ཀྱིས་ལོ་ཙཱ་བའི་སློབ་གཉེར་ལམ་གྱི་དཀའ་སྡུག་མངོན་སུམ་དུ་བསྟན་འོང་བ་མ་ཡིན་ནམ། འདི་དག་མ་ཟད་རྒྱ་གར་གྱི་སྐྱེ་བོ་རྣམས་རིགས་རབ་འབྲིང་ཐ་གསུམ་དུ་བཀར་བ་དང་།ཆུ་བོ་གང་གཱར་བུ་ཡིས་ཕ་ཡི་རུས་པ་བསྐྱུར་བའི་ཡུལ་སྲོལ་དང་། རྒྱལ་འབངས་སུ་ཡིན་ཡང་ལམ་དུ་རབ་བྱུང་བ་ཚོདང་ཐུག་ཚེ་ཕྱག་འཚལ་བའི་གུས་ལུགས་དང་། མུ་སྟེགས་པ་རྣམས་ཀྱིས་སེམས་ཅན་དམར་མཆོད་བྱེད་པའི་སྡུག་རྩུབ་སོགས་ཀྱང་ཞར་ཞོར་ནས་བསྟན་ཡོད་དོ།། དེ་བས་ཆག་ལོ་ཙཱ་བའི་རྣམ་ཐར་ནི་ལོ་ཙཱ་བའི་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་རྐྱང་རྐྱང་བརྗོད་པའི་རྣམ་ཐར་ཙམ་མ་ཡིན་པར། ལོ་རྒྱུས་དང་རྩོམ་རིག ལོ་ཙཱ། བརྡ་སྤྲོད། ཡུལ་སྲོལ། གནའ་དཔྱོད་དང་ས་ཁམས་སོགས་ཟུར་མི་འདྲ་བའི་ངོས་ནས་ཉམས་ཞིབ་བྱ་ཆོག་པའི་གླེགས་བམ་ཆེན་པོ་ཞིག་གོ། 
ཆོས་རྒྱལ་མྱ་ངན་མེད་ཀྱི་མཆོད་རྟེན།

བཞི་བ།
        རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་དང་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས། རྒྭ་ལོ་ཙཱ་བ་གཞོན་ནུ་དཔལ་སོགས་ཀྱི་རྣམ་ཐར་ལ་མཇལ་ན་ཁོང་ཅག་ནི་གྲུབ་ཐོབ་པ་ཞིག་གམ། ཉམས་ལེན་པ་ཞིག་ལས་གཙུག་ལག་བསྒྱུར་བའི་ལོ་ཙཱ་བ་ཆེན་པོ་ཞིག་ཡིན་པ་མཚན་ཙམ་ལས་ཤེས་ཁག་ཀྱང་།   ཆག་ལོ་ཙཱ་བའི་རྣམ་ཐར་ལ་མཇལ་དུས་འདི་ལྟ་བུ་ནི་ད་གཟོད་ལོ་ཙཱ་བ་ཞིག་གི་རྣམ་ཐར་ལོས་ཡིན་སྙམ་པའི་བསམ་པ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་འོང་བ་མ་ཟད།  དད་པའི་སྤུ་ལོང་ཡང་རྣམ་པར་གཡོས། རྣམ་ཐར་དུ་རྒྱ་གར་གྱི་ས་ཆུ་རི་གསུམ་གྱི་མིང་དང་། ལྷ་སྐུ་དང་དགེ་བའི་བཤེས་གཉེན། གཙུག་ལག་ཁང་ལ་སོགས་ཀྱི་མིང་ཐམས་ཅད་སྔོན་དུ་ལེགས་སྦྱར་སྐད་བོད་ཡིག་གིས་བྲིས། དེའི་གཞུག་ཏུ་ལོ་ཙཱ་བགྱིས་ཏེ་བོད་མིང་རང་བྲིས་པ་མ་ཟད་དེ་ལ་འོས་འཚམས་ཀྱིས་འགྲེལ་བཤད་བྱས་པ་ཕྲན་གྱིས་མཇལ་བའི་རྣམ་ཐར་གཞན་གསུམ་ལས་མཐོང་དཀོན་པ་ཞིག་རེད། དཔེར་ན“རྡོ་རྗེ་གདན་གྱི་གནྔྷོ་ལི། བོད་སྐད་དུ། དྲིའི་གཙང་ཁང་ཞེས་སམ་དབུ་རྩེ་ཞེས་པའོ། ། ”ཞེས་དང་།“པ་ཏྲ་ཞེས་པ་སོར་བཞག་ཡིན།  རི་མོའི་རྒྱུད་དུ་བསྒྱུར་གསུངས། ”ཞེས་དང་།དེ་ཉིད་ལས།“མ་ཧེའི་བོད་སྐད་དུ། གཡག་རྒོད་ཅེས་བསྒྱུར་རམ། གཞན་སྐད་དོད་མེད་གསུངས།”ཞེས་དང་། ཡང་དེ་ཉིད་ལས།“ལོ་མ་དེའི་རུལ་པ་གྲིས་བཅད་དེ་བོར་ནས་འགྲོན་བུ་བསྲེགས་པའི་ཐལ་བ་བཏབ། དེ་ཆང་ཕབས་འདེབས་པའི་དོད་པོ་ཡིན། བར་བར་དུ་དྲི་བཟང་བཏབ་ནས་ཞག་གཉིས་གོས་ཀྱིས་མནན་པ་ལངས་པ་དེ་ལ་པ་ན་ཟེར། བོད་སྐད་དུ། བཏུང་བ།   ཆོས་སྐད་དུ། ཏམ་བོ་ལ། འཕྲལ་སྐད་དམ། བལ་བོའི་སྐད་དུ། གོ་ལ། བོད་སྐད་དུ་སོ་རྩི་ཞེས་པར་བསྒྱུར་ཏེ། དེའི་ཁ་དོག་དམར་པོ་སྐྱུར་སིང་ངེ་བ་དེས་སོོ་ལེགས་པར་འོང་བས་སོ་རྩིར་གསུངས་སོ།།”ཞེས་པ་ལྟ་བུ་ཤིན་ཏུ་མང་ལ། གཤམ་དུ་ཆག་ལོའི་རྣམ་ཐར་དུ་གསལ་བའི་མིང་དང་ཚིག་གི་སཾ་བོད་ཤན་སྦྱར་ཕྱོགས་བསྒྲིགས་ཀྱི་རེའུ་མིག་ཅིག་འགོད་པར་བྱ་སྟེ། 

ཆུ་བོ་ནེརཉྫ་ན།






བྱ་རྒོད་ཕུང་པོའི་རི།
ལྔ་བ།
        གོང་གི་རེའུ་མིག་ཏུ་མ་ཡིག་དང་བུ་ཡིག་ཅེས་གཉིས་བཀོད་པ་ནི།  ཕྲན་གྱིས་ལག་སོན་བྱུང་བའི《ཆག་ལོའི་ལམ་ཡིག》ནི་རྫོང་རྩེ་སྤྲུལ་སྐུ་དཀའ་ཆེན་བྱམས་པ་ཐུབ་བསྟན་གྱིས་སྤྱི་ལོ1980ལོར་འཚོལ་བསྡུ་གྱིས་པར་བསྐྲུན་གནང་བའི་ཆག་ལོའི་རྣམ་ཐར་ཏེ།  ཁོང་གིས་དེབ་འདིའི་སྔོན་འགྲོའི་གཏམ་དུ“མ་དཔེ་ངོ་མ་དབུ་མེད་བསྡུས་ཡིག་ཅན་དུ་ཡོད་ཁར་ཡིག་འབྲུ་སྔ་འཛོལ་སོགས་ལན་མང་སྣང་མོད།  མ་དཔེར་སོང་དགོངས་དགོས་ཅི་རིགས་ལ་བརྟགས་སྙམ་ནས་དག་བཅོས་མེད་པར་མ་དཔེ་ཇི་བཞིན་པ་རེ་དེབ་ཀྱི་གཡོན་ངོས་དང་། ཡང་བྱ་བྱེད་ནོར་བ་སོགས་སུ་སུམ་རྟགས་ཀྱི་འཆད་ཚུལ་ཡོངས་གྲགས་དང་མ་མཐུན་པའི་རིགས་རྣམས་ལ་ཤེས་ཚོད་ཀྱིས་བཟོ་བཅོས་ཐོག  ཐེ་ཚོམ་ཅན་ལ་འཇུག་རྟགས་དང་བཅས་དེབ་ཀྱི་གཡས་ངོས་སུ་ཐད་ཀར་གུང་བསྒྲིགས་ཏེ།ཁྱད་པར་ཤེས་སླ་བའི་ཐབས་ཚུལ་གང་ཡོད་བགྱིས་་་་”ཞེས་གསུངས་པ་ནང་བཞིན།དེབ་དེར་ཆག་ལོ་ཙཱ་བའི་དངོས་སློབ་འཇུ་བ་སྟོན་པ་ཆོས་དཔལ་དར་བྱང་གིས་མཛད་པའི་རྣམ་ཐར་གྱི་མ་དཔེ་ཇི་ལྟ་བུ་གཅིག་དང་རྫོང་རྫེ་སྤྲུལ་སྐུས་ཞུ་དག་གནང་བའི་པར་མ་ཏེ་བསྡོམས་པས་གཉིས་མཆིས་ལ།རེའུ་མིག་གི་བུ་ཡིག་ཅེས་པ་ནི་རྫོང་རྩེ་ཚང་གིས་ཞུ་དག་གནང་བའི་པར་མ་དེ་ལ་བྱའོ། ། 

        རྩོམ་སྒྲིག་པས་མ་དཔེ་ལ་ཞུ་དག་བགྱི་དུས་སཾསྐྲྀཏའི་ཡི་གེ་དངོས་ལྟར《ཆག་ལོའི་ལམ་ཡིག》ཏུ་གསལ་བའི་ལེགས་སྦྱར་སྐད་མཐའ་དག་བཅོས་ཀྱང་།  མ་ཡིག་ཏུ་བཀོད་པ་ནི་སྔོན་གྱི་ལོ་ཙཱ་བ་ཚོས་བོད་ཡིག་གིས་སཾསྐྲྀཏའི་སྐད་དངོས་ཐོན་པར་དམིགས་ནས་བྲིས་པའི་སྲོལ་ཡོད་པས་དེ་བཞིན་བྲིས་པ་ལགས་ན་ཡིག་ནོར་སོགས་ནི་མིན་པར་བརྗོད་པས། དཔེ་རྙིང་བསྡུ་སྒྲིག་གི་ལས་ཀ་བ་ཞིག་ལ་མཚོན་ན་འདི་ལྟ་བུ་ཤིན་ཏུ་གཟབ་དགོས་པ་ཞིག་ཡིན་པར་སྙམ།  དཔེར་ན་མ་ཡིག་རང་དུ་ནཱ་ལེནྡྲ་ཞེས་འབྱུང་ཡང་རྩོམ་སྒྲིག་པས་མཐའ་གཅིག་ཏུ་ནཱལནྡཱ་རུ་བཅོས་པ་ལ་མཚོན་ན།  དེ་གཉིས་ནི་རེབ་ཀོང་དང་རེབ་གོང་ཞེས་འབྲི་ཚུལ་གཉིས་ཡོད་པ་ལྟར་གདམ་ང་ཅན་ཡིན་པས་བཅའ་འོས་པའི་ཁོངས་སུ་མི་གཏོགས་པར་སྙམ་པས་མ་ཡིག་ནང་ལྟར་སོར་བཞག་བྱེད་དགོས་པ་ནི་གནད་ཀྱི་དོད་པོའོ།།

དཔལ་ནལེནྡྲའི་དགོན་ཤུལ།
        མ་ཡིག་ཏུ་ཆད་ནོར་སོགས་ཤིན་ཏུ་མང་པ་རྩོམ་སྒྲིག་པ་ཁོང་གིས་སུམ་རྟགས་ཀྱི་གཞུང་ལྟར་ནོར་བ་དག་བཅོས་དང་ཆད་པ་ཁ་སྐོང་གནང་བ་ཤིན་ཏུ་བཀའ་དྲིན་ཆེ་སྟེ། མ་ཡིག་ཏུ“བླ་མ་ཆོས་རྗེའི་རྡོ་རྗེ་གདན་དུས་སུ་མི་གཅིག་ཀྱང་མི་འདུག་་་་་་”ཅེས་པ་ལ་གོ་རྒྱུ་ཅི་ཡང་མེད་པས་ན་བུ་ཡིག་ཏུ“བླ་མ་ཆོས་རྗེ་རྡོ་རྗེ་གདན་དུ་བྱོན་དུས་སུ་མི་གཅིག་ཀྱང་མི་འདུག་་་་”ཅེས་དོན་ལ་བསྟུན་ནས་སྟོང་ཆ་བསྐངས་པ་དང་།“ དེའི་དུས་སུ་ཡང་བུད་མེད་ཅིག་བྱུང་ནས་གར་ལོག་ཐག་རིང་པོ་ཞིག་ཏུ་སོང་ནས་མེད་ཟེར“བའི”གཏམ་སྙན་པོ་བསྒྲགས་སོ།།”ཞེས་མ་ཡིག་ཏུ“བའི”ཆད་པས་བསམ་ན་དོན་གོ་ཡང་ཀློག་ན་ངག་ལ་མི་བདེ་བ་རྣམས་ལ་ཡང་ཞུ་དག་གང་འཚམས་གནང་འདུག་པ་ནི་རྗེས་སུ་ཡི་རང་དགོས་པ་ཞིག་རེད།  འོན་ཀྱང་། སྐབས་ལན་རེར་ཡུལ་མོན་རྡོར་གཅོད་ཀྱི་གནས་སུ་སོང་བ་ཡང་རེ་འགའ་འདུག་སྟེ། 
1 མ་ཡིག་ཏུ་ཆག་ལོ་ཙཱ་བ“བལ་ཡུལ་དུ་ལོ་རིལ་པོ་བརྒྱད་བཞུགས་སོ།།”ཞེས་པ་ལ་བུ་ཡིག་ཏུ་ལོ་རིལ་པོ་ལ་ལོ་ཧྲིལ་བོ་ཞེས་བཅོས་པ་ཡང་དགོས་པ་མེད་པར་བསམ་ཞིང་། དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཐེའུ་བྲང་ལ་ཐེའུ་རང་དང་། འབའ་སྦྲོམ་ལ་འབའ་རོམ་ཟེར་བ་བཞིན་ཡིན་པར་ཕྲན་གྱིས་འདོད།
2 མ་ཡིག་ཏུ་ཆག་ལོ་ཙཱ་བ་བརྒྱད་སྟོང་པའི་རྒྱ་དཔེ་ཞིག་ཁུར་ནས་རྡོ་རྗེ་གདན་དུ་བྱོན་པས། དཀོན་གཉེར་གྱིས་ཆོས་ཅི་ཡིན་ཟེར་བ་ལ།  ཆོས་རྗེས“པྲ་ཛྙ་པ་ར་མི་ཏ་ཧོ”ཞེས་སཾསྐྲྀཏའི་སྐད་ཀྱིས་བརྗོད་པ་ལ་བུ་ཡིག་ཏུ“ པྲ་ཛྙཱ་པཱ་ར་མི་ཏཱའོ”ཞེས་བཅོས་པ་ཡང་མི་རིགས་ཏེ།  “ཧོ”ཞེ་ན་ལེགས་སྦྱར་སྐད་དུ“ཡིན”ཟེར་བ་འཇུག་པ་འདྲ་ལ། རྣམ་ཐར་རང་དུ་བོད་ཡིན་ཟེར་ལ་ལེགས་སྦྱར་སྐད་དུ“བྷོ་ཌ་ཧོ”ཞེས་བརྗོད་པ་ལས་ཀྱང་ཤེས་ནུས་སོ། ། 
3 མ་ཡིག་ཏུ་བྱ་རྒོད་ཕུང་བོའི་རི་ནས“ས་བསླངས་ཏེ་ས་དེ་རྟེན་གྱི་ཞབས་སྡོམ་པ་ལ་སོགས་པའི་ནང་དུ་བཞུགས་པ་ཡིན”ཞེས་པའི་སྡོམ་ལ་བུ་ཡིག་ཏུ་འ་འདོམས་བྲིས་པ་ཡང་ནོར་ཏེ། གནས་འགངས་ཆེན་གྱི་ས་རྡུལ་ཙམ་ཡང་རྟེན་བྱིན་ཅན་དུ་སྙམ་པ་བོད་ཐུན་མོང་གི་སྲོལ་ཞིག་ཡིན་པ་འང་འདི་ནས་ཤེས་སླ་ལ། འདིར་བྱ་རྒོད་ཕུང་བོའི་རི་ནས་འཁྱེར་བའི་ས་དེ་སྐུ་འདྲ་སོགས་ལ་གཟུངས་གཞུག་འབུལ་དུས་དེའི་ཞབས་སྡོམ་བྱེད་ཀྱི་རྒྱུ་ལ་རུང་པ་དེ་ཡིན་པར་བསམ།
4 མ་ཡིག་ཏུ་ཆག་ལོ་ཙཱ་བ་སྐུ་གཤེགས་པའི་ཚུལ“གདུལ་བྱའི་དོན་དུ་དགུང་ལོ་དྲུག་ཅུ་རྩ་བདུན་བཞུགས་ནས་ཤིང་ཕོ་བྱི་བ་ལོའི་དགུན་ཟླ་ར་བ་དབོའི་ཟླ་བ། རེས་གཟའ་ལྷག་པ། སྐར་མ་ནམ་གྲུའི་དུས། བྱེད་པ་ཁྱིམ་སྐྱེས། སྦྱོར་བ་ཤིན་ཏུ་མཆོག་ཅན་ཚེས་བཅུའི་ཉིན་མོ་ཉི་མ་ལྷན་དྲོས་པ་ལ་ནི་ཞི་བར་གཤེགས་སོ།།”ཞེས་འབྱུང་བའི”སྦྱོར་བ“ལ་བུ་ཡིག་ཏུ་དཔལ་འབྱོར་གྱི“འབྱོར་བ”བྲིས་པ་ཡང་དོན་འགལ་དུ་འགྲོ་བ་ཞིག་མ་ཡིན་ནམ།
 ནལེནྡྲའི་དགོན་ཤུལ་གྱི་ས་ཁྲ།

དྲུག་པ། 
        བདུན་ཕྲག་གཅིག་གི་རིང་ལ་ཡུལ་དུས་གནས་བབས་ཀྱི་བཀག་རྒྱ་གཏོར་ཏེ། ཆག་ལོ་ཙཱ་བ་དང་ལྷན་དུ་རྒྱ་གར་རིགས་པས་བསྐོར་ཞིང་།  ནམ་ཞིག་གི་ཚེ་ན། ཕྲན་རང་ཡང་ཁོང་བཞིན་རྒྱ་གར་དུ་སློབ་གཉེར་ལ་བསྐྱོད་པའི་ལས་དང་བསོད་ནམས་མེད་ཀྱང་། དངོས་སུ་རྒྱ་གར་འཕགས་པའི་ཡུལ་དུ་ལམ་ཡིག་ཏུ་གསལ་བའི་ནང་བའི་གཙུག་ལག་ཁང་དང་དགོན་ཤུལ།སྐུ་གསུང་ཐུགས་རྟེན་རྣམས་ལ་མཇལ་བའི་སྐལ་བ་ཞིག་ཡོད་པར་སྨོན།  
        དེང་སང་ཡི་གེ་བ་ཀུན་གྱིས་རྩོམ་ཡིག་སོགས་སུ་གྲོང་ཁྱེར་གྱི་མིང་འབྲི་ཚེ་པེ་ཅིང་གྲོང་ཁྱེར་དང་ཁྲིན་ཏུའུ་གྲོང་ཁྱེར།ཟི་ལིང་གྲོང་ཁྱེར་ཞེས་རྟག་པར་གྲོང་ཁྱེར་ཞེས་པའི་ཐ་སྙད་ས་མིང་གི་རྗེས་སུ་བྲིས་ཀྱང་། སྔོན་གྱི་བསྟན་བཅོས་རྣམས་སུ་ནི་དེ་ལས་ལྡོག་སྟེ། 《ཆག་ལོའི་ལམ་ཡིག》ཏུ“གྲོང་ཁྱེར་པ་ཏ།”ཞེས་འབྱུང་བ་བཞིན་གྲོང་ཁྱེར་ཡངས་པ་ཅན། གྲོང་ཁྱེར་མ་ག་ངྷ་ཞེས་བྲིས་ཡོད་པ་ནི་མཐོང་ཆོས་ལྟར་དང་། གལ་ཏེ་གྲོང་ཁྱེར་ས་མིང་གི་རྗེས་ལ་སྦྱར་ན་ཡང་འབྲེལ་སྒྲའི་ཕྲད་ཀྱིས་མཚམས་སྦྱོར་བ་ཞིག་ཡིན་ཏེ། ཡངས་པ་ཅན་གྱི་གྲོང་ཁྱེར། མཉན་ཡོད་ཀྱི་གྲོང་ཁྱེར། མ་ག་ངྷའི་གྲོང་ཁྱེར་ཞེས་བྲིས་འདུག་པས་ཕྲན་གྱིས་དེར་གཞིགས་ནས། དཔེ་ཀློག་ཟིན་བྲིས་འདི་ཉིད་མཇུག་བསྡུ་བར་བྱ་སྟེ། ཆག་ལོ་ཙཱ་བ་ཕྱི་མ་ཆོས་རྗེ་དཔལ་སྐུ་གཤེགས་ནས་མི་ལོ་753འདས་པའི་ལོ་སྟོད་དུ་གྲོང་ཁྱེར་སྤོས་ངད་ལྡན་དུ་སྒོ་བུ་ཤ་བོ་ཚེ་རིང་གིས《ཆག་ལོའི་ལམ་ཡིག》ལ་ཚར་ལྔ་མཇལ་བའི་འབྲས་བུ་ལ་བྲིས་པ་དགེའོ།།

                                                                         སྤྱི་ལོ2017ལོའི་སྤྱི་ཟླ4པའི་ཚེས1ནས3བར་བྲིས། 

(རྩོམ་འདི་ཨ་ཁུ་འབྲོག་པ་ཞེས་པའི་འཕྲིན་སྟེགས་ལས་བཤུས།)



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1