དབང་ཆེན།
དགོན་སྡེ་ཁག་གི་འདུ་ཁང་ངམ་གཙུག་ལག་ཁང་སྒོ་འགྲམ་ནས་བྲིས་པའི་འཁོར་བའི་ཆགས་ཚུལ་དང་མཚོན་དོན་རྣམ་པར་བཤད་པ་ལ་གསུམ་ལས། རྒྱུ་གང་གིས་འཁོར་བ། གནས་གང་དུ་འཁོར་བ། ཚུལ་ཇི་ལྟར་འཁོར་བ་དང་བཅས་པའོ། དང་པོ་རིགས་དྲུག་འཁོར་བའི་གནས་འདིར་རྒྱུ་གང་གིས་འཁོར་བ་སྟོན་པ་ལ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལུགས་འབྱུང་གི་ཐོག་མར་མ་རིག་པ་ཞེས་བསྟན་པ་ཡིན་ཏེ། མ་རིག་པ་ནི་མི་ཤེས་པའམ་བླང་དོར་གྱི་གནས་ལ་རྨོངས་པར་གྱུར་ཞིང་འཁོར་བར་གྲུབ་པའི་རྒྱུའི་གཙོ་བོ་ཀུན་གཞི་མ་རིག་པ་གཉིད་མཐུག་པོ་དེ་ལས་བྱུང་བས་འཁོར་ལོའི་ལྟེ་བའི་མུ་འཁྱུད་ཀྱི་དབུས་སུ་མ་རིག་གཏི་མུག་གི་རྒྱུ་མཚོན་པའི་ཕག་གི་གཟུགས་རིས་བཀོད་ཡོད་ལ། གཉིས་པ་དེ་ལྟར་འཁོར་བར་གྲུབ་བྱེད་ཀྱི་རྒྱུ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་སྐྱེ་མཆེད་རེག་པ་གཉིས་ཀྱི་ངོ་བོ་འཁོར་ལོའི་ལྟེ་བར་ཞེ་སྡང་མཚོན་བྱེད་སྦྲུལ་གྱི་གཟུགས་རིས་དང་། གསུམ་པ་འཁོར་བ་གྲུབ་བྱེད་རྒྱུ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་སྲེད་པའི་ངོ་བོ་འཁོར་ལོའི་ལྟེ་བར་འདོད་ཆགས་མཚོན་བྱེད་བྱ་ཕུག་རོན་གྱི་གཟུགས་རིས་བཀོད་ཡོད། དེའང་ཕག་གིས་ཁ་ནས་སྦྲུལ་དང་སྦྲུལ་གྱི་ཁ་ནས་བྱ་ཐོན་པ་ལྟར་བྱས་ནས་བྲིས་པའི་དགོས་པ་ཡང་ཆགས་སྡང་གཉིས་དེ་སྐྱེད་བའི་རྒྱུ་གཙོ་བོར་གཏི་མུག་སྟེ་མ་རིག་པ་ལས་འབྱུང་བའི་རྒྱུ་མཚན་དུ་བྱས་ནས་བྲིས་པ་དང་། སྡིག་པ་མི་དགེ་བའི་ལས་ཀྱི་རྣམ་སྨིན་ལྕི་ཡང་གི་ཁྱད་པར་ལ་ལྟོས་ནས་སྦྲུལ་གྱི་ཁ་ནས་བྱ་ཐོན་པར་ལྟར་བྱས་ནས་རིམ་པ་ལྟར་ཕག་གིས་གཏི་མུག་དང་སྦྲུལ་གྱིས་ཞེ་སྡང་བྱ་ཡིས་འདོད་ཆགས་ཏེ་མཚོན་བྱ་དང་མཚོན་བྱེད་དུ་བཀོད་པའོ།། དེའང་ཕག་པ་ནི་གཏི་མུག་དབང་གིས་ཟས་དང་སྤྱོད་ལམ་གང་ལ་ཡང་གཙང་བཙོག་མི་ཕྱེད་པར་ལྟར་བླང་དོར་གྱི་གནས་ལ་རྨོངས་ཏེ་ཐར་པའི་སྲོག་རྩ་འབྱིན་པའི་ཆགས་སྡང་གཉིས་ཀྱང་ཟས་ལྟར་བསྟེན་པར་འདྲ་བ་རྒྱུ་མཚན་དུ་བྱས་ནས་བཀོད་པ་དང་། སྦྲུལ་ནི་ཞེ་སྡང་ཆེ་བས་གཞན་ལ་གནོད་སེམས་ཀྱི་མཆེ་བའི་ཕྲག་ནས་དུག་བལྡད་དེ་སེམས་ཅན་གྲངས་མེད་པའི་ཚེ་སྲོག་བཀུམ་པར་བྱེད་པ་དང་། ཞེ་སྡང་གིས་ཀུན་ནས་སློང་བའི་སྡིག་པ་མི་དགེ་བའི་ལས་ཀྱི་རྣམ་སྨིན་མི་སྡུག་པའི་གཟུགས་སུ་སྐྱེ་བར་བླངས་ཏེ་ཀུན་ལ་འཇིག་དངངས་སྟེར་བས་འདྲ་བར་རྒྱུ་མཚན་ལྟར་བཀོད་པ། བྱ་ནི་སྤྱིར་འདོད་ཆགས་མཚོན་བྱེད་ཡིན་ཡང་བྱེ་བྲག་ཏུ་བྱ་ཕུག་རོན་ནི་དེ་བས་ཀྱང་འདོད་ཆགས་ཤིན་ཏུ་ཆེ་བས་ཉིན་ལྟར་ཚོམས་ཚོམ་མེད་པར་འཁྲིག་པ་ཆེས་མང་དུ་བསྟེན་དགོས་པས་འདོད་པས་མྱོས་ཤིང་རྨོངས་པའི་དབང་གིས་རང་གིས་དགའ་མ་ལ་དུངས་བས་བཙོག་པའི་སྣབ་ལུད་སོགས་སར་འཐུ་ནས་ཁ་ལ་སྦྱིན་པ་བྱེད་པ་དང་། ངོམ་པ་མེད་པར་འདོད་ཆགས་ལ་ལོངས་སྤྱོད་པ་མཚོན་པའོ། །
གསུམ་པ་ལ་ངོ་བོའི་སྒོ་ནས་ལས་དང་རྣམ་སྨིན་སྤྱིར་བསྟན་པ་དང་། གནས་ཀྱི་སྒོ་ནས་བྱེ་བྲག་སོ་སོར་ཕྱེ་སྟེ་བཤད་པ་གཉིས་ལས། དང་པོ་ངོ་བོའི་སྒོ་ནས་ལས་དང་རྣམ་སྨིན་སྤྱི་བསྟན་པ་ལ་རིམ་པ་གཉིས་པའི་མུ་འཁྱུད་ཟླུམ་སྐོར་ཕྱེད་བགོས་ཀྱི་ལོག་གཉིས་ཕྱེད་དཀར་པོའི་དགེ་བའི་ལས་ཀྱི་རྣམ་སྨིན་དཀར་པོ་དང་ཕྱེད་ནག་པོའི་མི་དགེ་བའི་ལས་ཀྱི་རྣམ་སྨིན་ནག་པོ་མཚོན་ལ། དཀར་པོའི་མཐོ་རིས་གསུམ་གྱི་སེམས་ཅན་གྱི་གཟུགས་དང་ནག་པོའི་ངན་སོང་གསུམ་གྱི་སེམས་ཅན་གྱི་གཟུགས་དང་སྒོ་མཚོན་པ་ཡིན་ནོ། །
ངན་སོང་གི་གནས་དང་པོ་ཚ་དམྱལ་བརྒྱད་བཤད་པ།
གཉིས་པ་གནས་ཀྱི་སྒོ་ནས་བྱེ་བྲག་སོ་སོར་ཕྱེ་སྟེ་བཤད་པ་ལ་དེའི་ཕྱི་རོལ་ཏུ་མུ་འཁྱུད་ ཟླུམ་སྐོར་གསུམ་པ་ལེ་ཚན་དྲུག་ཏུ་བགོས་པར་རིགས་དྲུག་གི་གནས་ཏེ་དབུས་སུ་ངན་སོང་གི་གནས་དང་པོ་དམྱལ་བའི་གནས་ཚ་གྲང་གཉིས་ལས་དབུས་སུ་ཆོས་རྒྱལ་གཤིན་རྗེའི་ཕྱག་གཡས་ཁྲམ་ཤིང་དང་གཡོན་པས་མེ་ལོང་འཛིན་པའི་གཟུགས་རིས་ལ་མདུན་དུ་གཤིན་པོ་རྣམས་ཀྱི་དགེ་སྡིག་དང་རྒྱུ་འབྲས་ལ་གཞིབ་པའི་རྣམ་པར་བཀོད་པ། དང་པོ་ཚ་དམྱལ་ལ་སྡུག་བསྔལ་གྱི་རྣམ་གྲངས་དང་ཚེ་ཚད་གནས་སོགས་མི་འདྲ་བ་བརྒྱད་ཡོད་པའི་དང་པོ་ཡང་སོས་ནས་སྟེང་ནས་འོག་ཏུ་མས་རིམ་བཞིན་བགྲང་སྟེ། གཉིས་པ་ཐིག་ནག གསུམ་པ་བརྡུང་འཇོམས། བཞི་པ་ངུ་འབོད། ལྔ་པ་ངུ་འབོད་ཆེན་པོ། དྲུག་པ་ཚ་བ། བདུན་པ་རབ་ཏུ་ཚ་བ། བརྒྱད་པ་མནར་མེད་དེ་ཚ་དམྱལ་བརྒྱད་མཚོན་བྱེད་ཀྱི་གཟུགས་རིས་བཀོད་ཡོད་ལ། རེས་འགའ་སེམས་ཅན་དེ་དག་གནས་དེར་སྐྱེས་མ་ཐག་ནས་ལས་མཁན་རྣམས་ཀྱིས་ལྕགས་བསྲེག་གི་ཐོ་བ་རི་རབ་ཙམ་མེ་འབར་བས་མགོ་ལ་བསྣུན་ནས་བསད་པ། འགའ་ཞིག་ལུས་ལ་ཐིག་ནག་པོ་བརྒྱད་དང་བཅུ་དྲུག་ལ་སོགས་པ་བཏབ་ནས་ལྕགས་བསྲེག་གི་སོག་ལེ་མེ་འབར་བས་ལུས་ཀྱི་སྟོད་སྨད་བར་གསུམ་འདྲ་བ། ཁ་ཅིག་ལྕགས་བསྲེག་གི་གཏུན་ཆེན་པོ་ཡུལ་རྒྱང་ཙམ་ཞིག་ནང་ལྕགས་ཀྱི་ཐོ་བ་མེ་འབར་བས་ཏིལ་མར་བཞིན་འཚིར་བ། ཁ་ཅིག་ལྕགས་ཁང་སྒོ་མེད་མེ་འབར་བ་ཕྱི་ནང་གཅིག་ནས་གཉིས་བར་གྱི་ནང་ཚུད་པའི་གཟུགས་རིསབཀོད་ཡོད། གཞན་ཡང་ལྕགས་ཀྱི་མདུང་རིང་མེ་འབར་བ་རྩེ་གཅིག་དང་རྩེ་གསུམ་སོགས་ཀྱིས་འོག་སྒོ་བཤང་ལམ་དང་ཚོང་ར་ནས་གཟུགས་ཏེ་ཕྲག་པ་དང་སྤྱི་བོའི་བར་ཐལ་གྱིས་དབུགས་པའི་སྡུག་བསྔལ་མྱངས་བའི་རྣམ་པར་གཟུགས་རིས་སུ་བཀོད་ཡོད། གནས་དེ་དག་གི་ཕྱོགས་བཞིར་རོ་མྱགས་ཀྱི་འདམ་དང་། མེ་མ་མུར་གྱི་འོབས། སྤུ་གྲིས་ཐང་། རལ་གྲི་ལོ་མའི་ནགས་ཚལ་དང་། ཤར་ལྷོ་དང་ལྷོ་ནུབ་ནུབ་བྱང་བྱང་ཤར་ཏེ་མཚམས་བཞིར་ཤ་མ་ལའི་སྡོང་པོ་རེ་རེ་དང་བཅས་འོག་གཞི་ཐམས་ཅད་ལྕགས་བསྲེག་གི་ས་གཞི་ཁོར་ཡུག་ཐམས་ཅད་ལྕགས་བསྲེག་གི་མཚོན་ཆ་དང་མེ་རི་འབར་བའི་ར་བའི་ནང་ལས་ཀྱི་འཕངས་པའི་སེམས་ཅན་དེ་དག་གི་སྡུག་བསྔལ་ཚོར་བཞིན་པའི་གཟུགས་རིས་ཀྱི་རྣམ་པར་བཀོད་ཡོད།
ངན་སོང་གི་གནས་གཉིས་པ་གྲང་དམྱལ་བརྒྱད་བཤད་པ།
གཉིས་པ་དེའི་ཕྱི་རོལ་ཏུ་གྲང་དམྱལ་ལའང་སྤྱི་མཐུན་གྱི་གཞི་དང་འཁོར་ཡུག་ཐམས་ཅད་གངས་རི་དང་ཆབ་རོམ་གྱི་ཁྲོད། བུ་ཡུག་འབའ་ཞིག་གིས་སྦྲེབས་ཞིང་གཅེར་བུ་གྲང་བས་ཉེས་པའི་གནས་ལ་རྣམ་གྲངས་བརྒྱད་ལས། དང་པོ། གཅེར་བུ་དུ་ལས་ཀྱི་འཕངས་པའི་སེམས་ཅན་དེ་དག་བུ་ཡུག་དང་གྲང་ངར་གྱིས་ལུས་ཀྱི་ཤ་མདོག་སྔོན་པོ་གྱུར་ནས་ལུས་ལ་ཆུ་བུར་ཐོལ་ཐོལ་རྡོལ་བ་ལ་ཆུ་བུར་ཅན་དང་། ཆུ་བུར་དེ་དག་རྡོལ་ནས་རྨར་སོང་བ་ཆུ་བུར་རྡོལ་བ། གྲང་བའི་ཟུག་རྔུ་བསྲན་མི་བཟོད་པར་སོ་འཚིར་བས་སོ་ཐམ་ཐམ་པ། ཨ་ཆུ་ཞེས་སྨྲེ་སྔགས་རྒྱུན་མི་འཆད་པ་འདོན་པས་ཨ་ཆུ་ཆུ། སྐད་ཀྱི་གདངས་ཆག་པས་ཤུགས་རིང་ཀྱི་ཧུད་དུ་འདོན་པས་ཀྱི་ཧུད་དང་ཕྱིའི་ལྤགས་མདོག་སྔོན་པོར་སོང་སྟེ་བཞི་ཚལ་དུ་གས་པ་ཨུཏྤལ་ལྟར་གས་པ། ནང་གི་ཤ་དམར་པོར་གྱུར་ཏེ་གྲང་བས་བརྒྱད་ཚལ་དུ་གས་པ་པདྨ་ལྟར་གས་པ། དེ་ལས་ཀྱང་དམར་ནག་དུ་གྱུར་ཏེ་བཅུ་དྲུག་དང༌། སོ་གཉིས་སོགས་གྲངས་མེད་པར་གས་པ་པདྨ་ལྟར་ཆེར་གས་པ། དེ་ལྟར་གས་པའི་རྨ་ནང་དུ་སྲིན་བུ་ལྕགས་ཀྱི་མཆུ་ཅན་མང་པོ་ཞུགས་ནས་ཟ་ཞིང་གྲང་བའི་སྡུག་བསྔལ་མྱོང་བ་ལས། སྡུག་བསྔལ་མི་འདྲ་བ་བརྒྱད་ལ་མིང་བརྒྱད་དུ་ཆགས་པ་གྲང་བའི་དམྱལ་བ་བརྒྱད་ཅེས་བྱ། ཉི་ཚེ་བ་ནི། བྲག་གི་བར་དུ་བཅར། རྡོ་ཡི་ནང་དུ་འཐུམ་པ། ཆབ་རོམ་གྱི་ནང་དུ་རེངས་པ། ཆུ་ཚན་གྱི་ནང་འཚོད་པ། མེ་ནང་དུ་སྲེག་པ། ཤིང་སྡོང་ལ་བཅད་གཏུབ་བྱས་པ། རང་ཉིད་ཀྱི་ཡན་ལག་དང་ཉིང་ལག་བཅད་པར་ཉེར་ལེན་བྱས་པ། གཞན་ཡང་གཏུན་དང༌། ཕྱགས་མ་དང༌། ཕྲུ་བ་དང༌། སྒོ་དང༌། ཀ་བ་དང༌། སྒྱེད་བུ་དང༌། ཐག་པ་ལ་སོགས་ རྟག་ཏུ་བཀོལ་ཞིང་སྤྱོད་པའི་གཟུགས་སུ་འདུ་ཤེས་པས་སྡུག་བསྔལ་དེ་དག་མྱོང་བ་སོགས་གཟུགས་རིས་སུ་བཀོད་ཡོད།
ངན་སོང་གི་གནས་གསུམ་པ་ཡི་དྭགས་ཀྱི་རིགས་བཤད་པ།
དེའི་གཡས་ཕྱོགས་སུ་བགོས་པའི་ལེ་ཚན་ནང་ངན་སོང་གི་གནས་གགསུམ་པ་ཡི་དྭགས་ཀྱི་གཟུགས་རིས་ལ་གཉིས་ཏེ། བྱིང་ན་གནས་པ་དང་། མཁའ་ལ་རྒྱུ་བའོ། དང་པོ་བྱིང་ན་གནས་པ་ལའང་ཕྱི་ཡི་སྒྲིབ་པ་ཅན་དང་། ནང་གི་སྒྲིབ་པ་ཅན། སྒོས་ཁུར་གྱི་སྒྲིབ་པ་ཅན་སོགས་ཡོད་པར་བཤད་ཀྱང་འདིར་མ་སྤྲོས་སོ། ཡི་དྭགས་སུ་སྐྱེས་པའི་སེམས་ཅན་དེ་དག་གི་ལོ་གྲངས་བརྒྱ་ཕྲག་མང་པོར་ཟས་སྐོམ་གྱི་སྒྲ་ཙམ་ཡང་ཐོས་པར་མ་གྱུར་བས་ཁ་ཁབ་ཀྱི་མིག་ཙམ་པས་རྒྱ་མཚོ་ཆེན་པོའི་ཆུ་བཏུང་ཡང་མགྲིན་པ་རྟ་རྔ་ཙམ་པའི་ནང་དུ་མ་ཚུད་པའི་བར་ལ་ཁའི་དུག་གིས་སྐམ་པ་དང༌། ཅུང་ཟད་རེ་མགྲིན་པར་ཚུད་ཀྱང་ལྟོ་བ་ཡུལ་ལྗོངས་ཙམ་ཡོད་པ་མི་ཁེངས་པ་དང༌། ཆུ་ཐིགས་རེ་ཙམ་ལྟོ་བར་སོང་ན་མཚན་མོའི་རིང་དེ་ལ་མེ་འབར་ནས་གློ་སྙིང་ནང་ཁྲོལ་ཐམས་ཅད་བསྲེགས་པས་སྡུག་བསྔལ་བ་དང༌། ཁ་ཟས་ཅུང་རྙེད་ཙ་ན་ཡི་དྭགས་མང་པོ་རུབ་རྒྱབ་ནས་འཆི་བར་ཐུག་པའི་སྡུག་བསྔལ་གྱིས་ཉམས་ཉེས་པ། འགྲོ་བར་འདོད་པའི་ཚེ་ལྟོ་བ་ཡུལ་ལྗོངས་ཙམ་པ་ཡན་ལག་འཇག་སྐྱ་ཙམ་གྱིས་མི་ཐེག་པར་ཤིན་ཏུ་ཉམ་ངའི་གཟུགས་རིས་སུ་བཀོད་ཡོད། གཉིས་པ་མཁའ་ལ་རྒྱུ་བའི་ཡི་དྭགས་བཙན་དང་རྒྱལ་པོ། ཤི་འདྲེ་དང་འབྱུང་པོ་མ་མོ་ཐེའི་རང་སོགས་སེམས་ཅན་ལ་གནོད་འཚེའི་ལས་ཁོ་ན་སྤྱོད་པའི་གཟུགས་རིས་བཀོད་ཡོད།
ངན་སོང་གི་གནས་དུད་འགྲོའི་རིགས་བཤད་པ།
དེ་ལྟར་གཡོན་ཕྱོགས་སུ་ངན་སོང་གི་གནས་བཞི་པ་དུད་འགྲོ་ལའང་མཐའ་ཡས་ཀྱང་མདོ་བསྡུ་ན་བྱིང་ན་གནས་པ་དང་ཁ་འཐོར་བའི་རིགས་གཉིས་སུ་དགར་ནས་བཀོད་ཡོད་དེ། དང་པོ་ནི་ཕྱིའི་རྒྱ་མཚོ་ཆེན་པོའི་ནང་ན་ཉ་དང༌། ཆུ་སྲིན་དང༌། དུང་དང༌། སྦལ་པ་དང༌། འབུ་སྲིན་ལ་སོགས་ཆེ་བ་རི་རབ་ལ་ལན་མང་པོའི་བར་དཀྲིས་པ་དང༌། ཆུང་བ་རྡུལ་ཕྲན་དང་ཁབ་རྩེ་ལྟ་བུའི་བར་དུ་ཡོད་ཅིང༌། ཆེ་བས་ཆེས་ཆུང་ཆུང་རྣམས་གྱུར་མིད་བྱེད། ཆུང་ཆུང་གིས་ཆེན་པོ་རྣམས་ཐལ་མར་འབིགས་ཤིང་ཟ། སྲོག་ཆགས་ཆེ་བ་རེ་རེའི་ལུས་ལ་ཆུང་བ་དུ་མས་ཚང་བཅས་ནས་ཟས་སུ་བྱེད་པ་སོགས་ཀྱི་རྣམ་པར་དང་གཟུགས་སོགས་བཀོད་ཡོད། གཉིས་པ་ཁ་འཐོར་བའི་དུད་འགྲོ་ལྷ་དང་མི་ཡི་ཡུལ་ན་ཡོད་པའི་རྟ་ལུགས་ནོར་གསུམ་དང་བྱ་ཁྱི་ཕག་སོགས་བདག་པོའི་ཡོངས་སུ་བཟུང་བའི་རིགས་དང་། ཤ་རྣ་དགོ་གསུམ་དང་བྱ་བྱེའུ་འབུ་སྲིན་སོགས་བདག་པོའི་མ་བཟུང་རིགས་དེ་དག་བླུན་རྨོངས་དང་བཀོལ་སྤྱོད་ཀྱི་སྡུག་བསྔལ་ཁོ་ན་ལ་ལོངས་སུ་སྤྱོད་པའི་གཟུགས་རིས་སུ་བཀོད་ཡོད།
མཐོ་རིས་ཀྱི་གནས་དང་པོ་མི་ཡི་འགྲོ་བ་བཤད་པ།
བཞི་པ་མཐོ་རིས་ཀྱི་གནས་དང་པོ་མི་ཡི་འགྲོ་བ་ལའང་གླིང་བཞི་དང་གླིང་ཕྲན་བརྒྱད་དེ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་ལོངས་སྤྱོད། བྱང་སྒྲ་མི་སྙན། ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་འཁྱོག་འགྲོ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་བརྡ་སོགས་འགྲོ་བ་མི་ཡི་རིགས་དེ་དག་ལ་ལ་སྐྱེ་བ་དང་། ལ་ལ་རྒས་པ། ལ་ལ་ན་བ། ལ་ལ་འཆི་བ་སོགས་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་བཞི་ལ་ལོངས་སྤྱོད་པའི་ཚུལ་གྱིས་སྡུག་བསྔལ་སྔ་མ་མ་སངས་བཞིན་དུ་ཕྱི་མས་ནོན་པ། འདོད་པ་རྒྱབ་ཏུ་སྐྱུར་ཞིང་། མི་འདོད་པ་ཐོག་ཏུ་བབ་པའི་རྣམ་པ་སོགས་དང་། དཀར་པོ་དགེ་བའི་ལས་ཀྱི་མཐོ་རིས་དང་ཐར་པའི་ཐེམ་སྐས་ཀྱི་ལམ་དུ་གཤེགས་པ། ནག་པོ་སྡིག་པའི་ལས་ཀྱི་རྣམ་པར་སྨིན་པས་ངན་སོང་དུ་སྐྱེ་བའི་གཟུགས་རིས་སུ་བཀོད་ཡོད།
མཐོ་རིས་གྱི་གནས་གཉིས་པ་ལྷ་མ་ཡིན་བཤད་པ།
ལྔ་པ་མཐོ་རིས་ཀྱི་གནས་གཉིས་པ་ལྷ་མ་ཡིན་ལའང་སྟེང་ནས་མར་རྩིས་པའི། སྒྲ་གཅན་དང་། དཀར་འཕྲེང༌། མགུལ་འཕྲེང༌། ཐགས་བཟང་རིས་ཏེ་རྒྱལ་པོ་བཞིའི་རིས་སུ་གནས་པའོ། །སྤྱིར་ལྷ་མ་ཡིན་གྱི་འགྲོ་བའི་རིས་འདི་དག་དཔལ་འབྱོར་དང་ལོངས་སྤྱོད་ལྷ་དང་མཉམ་པས་འཁོར་ལོ་འགའ་རེར་ལམ་རྒྱུད་ལྔའི་གྲངས་བགྲང་ཚུལ་གྱི་དབང་གིས་ལྷ་དང་ལྷ་མིན་ལེ་ཚན་གཅིག་ཏུ་བསྡོམས་ནས་འབྲི་སྲོལ་ཡོད་ཀྱང་ཁོ་བོས་འཁོར་ལོའི་མུ་འཁྱུད་གསུམ་པ་ཆ་དྲུག་ཏུ་བགོས་ནས་རིགས་དྲུག་ཏུ་དབྱེ་བས་ལྷ་དང་ལྷ་མིན་ཐ་དད་ཕྱེ་སྟེ་བཤད་པ་ཡིན་པས། ལྷ་མ་ཡིན་ཕྲག་དོག་དང་འགྲན་སེམས་ཀྱི་ལྷ་ཡི་དཔལ་ལ་སྡང་སྟེ་གོ་མཚོན་ཐོགས་ནས་གཡུལ་དུ་ཞུགས་ཏེ་ལྷ་རྣམས་དང་འཐབ་ཏུ་འགྲོ་བ་དང་། ལྷ་རྣམས་རྩུབ་འགྱུར་ཚལ་གྱི་གོ་མཚོན་དག་བླངས་ནས། ལྷའི་གླང་པོ་ཆེ་རབ་བརྟན་གྱི་མགོ་བོ་སུམ་ཅུ་རྩ་གཉིས་ལ་ཉེ་དབང་སུམ་ཅུ་རྩ་གཉིས་དང༌། དབུས་ཀྱི་མགོ་བོ་ལ་ལྷའི་དབང་པོ་བརྒྱ་བྱིན་ཞོན་ཏེ་ལྷ་ཡི་དམག་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་ནས་བསོད་ནམས་ཀྱི་གཟི་བྱིན་མ་བཟོད་པར་ལྷ་རྣམས་ཀྱི་རྡོ་རྗེ་དང་འཁོར་ལོ་དང༌། མདུང་ཐུང་དང་མདའ་བོ་ཆེ་ལ་སོགས་པ་ཆར་བཞིན་དུ་འབེབས་ཤིང༌། རྫུ་འཕྲུལ་གྱིས་རི་ཆེན་པོ་རྣམས་ཀྱང་དཔུང་པས་བཏེགས་ནས་འཕེན་པ་དང་། ལྷ་རྣམས་ལས་དང་དབང་ཐང་གི་མི་འགྲེང་བདུན་ཙམ་གྱིས་མཐོ་ལ། ལྷ་མ་ཡིན་རྣམས་ནི་དམའ་ཞིང༌། ལྷ་རྣམས་ནི་མགོ་བོ་བཅད་པ་མ་གཏོགས་ལུས་ལ་རྨ་ཅི་ཙམ་བྱས་ཀྱང་དེ་མ་ཐག་ལྷའི་བདུད་རྩིས་གསོ་བས་མི་འཆི་ལ། ལྷ་མ་ཡིན་རྣམས་ནི་མི་ལ་སོགས་པ་བཞིན་དུ་གནད་ཆེ་སར་གང་དུ་ཕོག་ཀྱང་འཆི་བས་རྟག་ཏུ་གཡུལ་ཕམ་པར་མང༌ཞིང་ལྷའི་གླང་པོ་ཀུན་སྐྱོང་མྱོས་པའི་སྣར་རལ་གྲིའི་འཁོར་ལོ་བཏགས་ཏེ་མངགས་པ་སོགས་ཀྱིས་ལྷ་མ་ཡིན་འབུམ་ཕྲག་དུ་མ་གསོད་ཅིང༌། དེ་དག་གི་རོ་རི་རབ་ཀྱི་ངོས་ནས་རྦབ་ཏུ་བསྒྲིལ་སྟེ་རོལ་པའི་མཚོ་ཆེན་རྣམས་ཀྱི་ནང་དུ་ལྷུངས་པས། མཚོ་རྣམས་ཁྲག་གི་མདོག་ཏུ་བསྒྱུར་ཞིང་འཐབ་རྩོད་ཁོ་ན་ལ་སྤྱོད་པའི་གཟུགས་རིས་བཀོད་ཡོད།
མཐོ་རིས་ཀྱི་གནས་གསུམ་པ་ལྷ་ཡི་གནས་བཤད་པ།
དྲུག་པ་མཐོ་རིས་ཀྱི་གནས་གསུམ་པ་ལྷ་ལའང་གསུམ་ལས། དང་པོ་འདོད་ཁམས་ཀྱི་ལྷ་རྣམས་རི་རབ་ཀྱི་བང་རིམ་བཞིའི་སྟེང་གི་ཕྱོགས་བཞིར་ཤར་དུ་ཡུལ་འཁོར་སྲུང་དང་ལྷོར་འཕགས་སྐྱེས་པོ། ནུབ་ཏུ་སྤྱན་མིག་བཟང་བྱང་རྣམ་ཐོས་སྲས་ཏེ་རྒྱལ་ཆེན་རིགས་བཞིའི་ལྷ་གནས་དང་། དེའི་འོག་གི་བང་རིམ་ལ་སྟེང་ནས་མར་རིམ་པ་ལྟར་། རྟག་མྱོས་དང་། ཕྲེང་ཐོགས། གཞོང་ཐོགས་ཀྱི་ལྷ་རྣམས་དང་རི་བདུན་གྱི་ཁ་ཁྱེར་ཉི་ཟླ་སྐར་མ་རྣམས་ཀྱང་རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱི་རིས་སུ་གཏོགས་པ་ཡིན་ནོ། དེའི་སྟེང་རིམ་པ་བཞིན་སུམ་བཅུ་རྩ་གསུམ། འཐབ་བྲལ། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་བཅས་ནི་འདོད་ལྷ་རིགས་དྲུག་གོ། གཉིས་པ་དེའི་སྟེང་གི་གཟུགས་ཁམས་ཀྱི་གནས་ལ་ཡང་བསམ་གཏན་བཞི་སྟེ། སྟེང་ནས་རིམ་པ་བཞིན་བསམ་གཏན་དང་པོའི་གནས་གསུམ་གྱི་དང་པོ་ཚངས་རིས་དང་། ཚངས་པ་མདུན་ན་འདོན། ཚོགས་ཆེན་ཏེ་གསུམདང་། བསམ་གཏན་གཉིས་པའི་གནས་ལ་སྟེང་ནས་སྟེང་དུ་འོད་ཆུང་ཚད་མེད་འོད་འོད་གསལ་ཏེ་གསུམ། བསམ་གཏན་གསུམ་པའི་གནས་ལ་དགེ་ཆུང་ཚད་མེད་དགེ་དགེ་རྒྱས་གསུམ། བསམ་གཏན་བཞི་པའི་གནས་ལ་སྤྲིན་མེད་འོད་བསོད་ནམས་སྐྱེས་འབྲས་བུ་ཆེ་གསུམ་དང༌། མི་ཆེ་བ། མི་གདུང་བ། ཤིན་ཏུ་མཐོང་བ། གྱ་ནོམས་སྣང་བ། ཀུན་གྱི་སྟེང་ན་འོག་མིན་ཏེ་གནས་གཙང་མའི་རིས་ཀྱི་ལྷ་རྣམས་ཏེ་གཟུགས་ཁམས་གནས་རིས་བཅུ་བདུན་གྱི་ཞིང་དང་གནས་སོགས་བཀོད་ཡོད། གསུམ་པ་དེའི་སྟེང་ནས་རིམ་པ་བཞིན་ནམ་མཁའ་མཐའ་ཡས་དང་རྣམ་ཤེས་མཐའ་ཡས། ཡོད་མིན་མེད་མིན་ཅི་ཡང་མེད་པ་སྟེ་གཟུགས་མེད་སྐྱེ་མཆེད་མུ་བཞིའོ།
རིགས་དྲུག་གི་སེམས་ཅན་རྣམས་ཚུལ་ཇི་ལྟར་འཁོར་བ།
བཞི་པ་ཚུལ་ཇི་ལྟར་འཁོར་བ་ལ་རིགས་དྲུག་གི་གནས་དེ་དག་ཏུ་སྐྱེ་གནས་བཞིའི་ལམ་དུ་ཞུགས་ནས། ལས་དང་རྣམ་སྨིན་གྱི་དབང་གིས་བྱས་པར་ཆུད་མི་ཟ་ཞིང་གཅིག་ནས་གཅིག་ཏུ་སྐྱེ་བར་རྒྱུད་དེ་རྫ་མཁན་གྱི་ཕང་ལོ་དང་ཟོ་ཆུན་གྱི་འཁྱུད་མོ་བུམ་ནང་གི་བུང་བ་ལྟར་རང་དབང་མེད་པར་འཁོར་བའོ།
རྟེན་འབྲེལ་ཡན་ལག་བཅུ་གཉིས་ལུགས་འབྱུང་ལྡོག་གི་དོན་མཚོན་བྱ་བཤད་པ།
དེའི་ཕྱི་རོལ་གྱི་མུ་འཁྱུད་བཞི་པའི་ནང་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀུན་ཉོན་འཁོར་བའི་རང་བཞིན་ལུགས་འབྱུང་མཚོན་བྱེད་ལ། མ་རིག་པ་མཚོན་བྱེད་རྒན་མོ་ལོང་བའི་གཟུགས་དང་། དེ་བཞིན་རྫ་མཁན་གྱི་འདུ་བྱེད་དང་། སྤྲེའུ་ཡི་རྣམ་ཤེས། གྲུར་འཇུག་པས་མིང་གཟུགས། ཡུལ་འཁོར་སྟོང་བས་སྐྱེ་མཆེད་དང་། ། འོ་བྱེད་པས་རེག་པ། མིག་ལ་མདའ་རྒྱབ་པས་ཚོར་བ། ཆང་འཐུང་བས་སྲེད་པ། ཤིང་ཐོག་སྙོབ་པས་ལེན་པ། སྦྲུམ་མས་སྲིད་པ། བུ་བཙའ་པས་སྐྱེ་བ། རོ་ཁུར་གྱི་རྒ་ཤི་མཚོན་ལ། རྣམ་བྱང་མྱང་འདས་ཀྱི་རང་བཞིན་མཚོན་བྱེད་ལུགས་ལྡོག་སྟེ་མ་རིག་པ་འགགས་པས་འདུ་བྱེད་རྣམས་འགག་པ་ནས། སྐྱེ་བ་འགགས་པས་རྒ་ཤི་འགག་པ་སོགས་སོ་སོའི་མཚོན་བྱ་དང་མཚོན་བྱེད་ཀྱི་ཚུལ་དུ་བཀོད་པའོ། །