དངོས་མིན་ཤུལ་བཞག་རིག་གནས་ཀྱིས་མང་ཚོགས་ལ་ཕན་པ་བཏགས།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་གསར་འགྱུར་དྲ་བ། སྤེལ་དུས། 04-13
དཔལ་འབྲུག་ས་གདན་འཁེལ་འཐག་ཆེད་ལས་མཉམ་ལས་ཁང་གི་སྤྱི་གཉེར་བ་དཔལ་འབྲུག་རྒྱ་མཚོ(གཡས)དང་བལ་བོའི་ལས་བཟོ་བ་པ་སངས་གཉིས་ཀྱིས་བོད་ལུགས་ས་གདན་གྱི་ཇུས་འགོད་དང་ལག་རྩལ་ལེགས་སྒྱུར་སྐོར་གྱི་ལབ་གླེང་བྱེད་བཞིན་པ།
རྔ་བ་ཁུལ་དུ་གྲངས་ཉུང་མི་རིགས་མང་བས་སྟབས་ཀྱིས་དངོས་མིན་ཤུལ་བཞག་རིག་གནས་ཕུན་སུམ་ཚོགས་པ་ཡོད། མིག་སྔར་ཁུལ་ཡོངས་སུ་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས19དང་། ཞིང་ཆེན་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས66ཡོད་ལ། དངོས་མིན་ཤུལ་བཞག་རིག་གནས་རྒྱུད་འཛིན་གྱིས་མང་ཚོགས་ལ་ཕན་པ་ཅི་ལྟར་བསྐྲུན་ཡོད་པ་ཞེ་ན། རྔ་བ་རྫོང་དང་ཧུང་ཡོན་རྫོང་གཉིས་ཀྱི་དངོས་མིན་ཤུལ་བཞག་རིག་གནས་རྒྱུད་འཛིན་ནི་རྔ་བ་ཁུལ་གྱི་ཐེངས་འདིའི་ལས་དོན་གྱི་བསྡུས་གཟུགས་སུ་གྱུར་ཡོད།
ཧུང་ཡོན་རྫོང་དཔལ་འབྲུག་ས་གདན་འཁེལ་འཐག་ཆེད་ལས་མཉམ་ལས་ཁང་ནི་ཆེད་དམིགས་ཀྱིས་བོད་ཀྱི་སྲོལ་རྒྱུན་ས་གདན་ལག་འཐག་བྱ་སའི་བཟོ་གྲྭ་ཞིག་ཡིན། ཡར་སྔོན་དུ་བོད་ཀྱི་ས་གདན་ལག་འཐག་གི་ལག་རྩལ་དེ་ཀྲུང་གོའི་བོད་ཁུལ་ནས་རིམ་བཞིན་ཉམས་དམས་སུ་གྱུར་ཡོད། འགན་ཁུར་བ་དཔལ་འབྲུག་རྒྱ་མཚོས་མཚམས་སྦྱོར་བྱས་པ་ལྟར་ན། སྔོན་ཆད་འདི་ལྟ་བུའི་ས་གདན་ཞིག་ཉོ་དགོས་ཚེ་རྒྱ་གར་དང་བལ་བོ་མ་གཏོགས་མེད་ལ་རིན་གོང་ཧ་ཅང་ཆེ་བ་ཡིན། ད་དུང་ཡིད་ཕངས་བ་ཞིག་ལ་ལག་འཐག་ས་གདན་ངོ་མ་ལག་ཏུ་ཡོང་དཀའ་བས། ཁོང་གིས་རང་ཡུལ་དུ་བཟོ་གྲྭ་ཞིག་བསྐྲུན་རྒྱུའི་བསམ་བློ་སྐྱེས་ཤིང་། གཅིག་ནས་སྲོལ་རྒྱུན་གྱི་ལག་རྩལ་འདི་རྒྱུད་འཛིན་བྱ་རྒྱུའི་རེ་བ་དང་གཉིས་ནས་ས་གནས་མང་ཚོགས་ལ་ལས་ཞུགས་ཀྱི་གོ་སྐབས་ཤིག་སྤྲོད་ཐུབ་པས་ཡིན་ཟེར།
དེ་བས་ཁོང་གིས་བལ་ཡུལ་ནས་ས་གདན་བཟོ་བ8གདན་དྲངས་ཏེ་ས་གདན་བཟོ་ཞོར་དུ་ས་གནས་མང་ཚོགས་དང་ལྷག་ཏུ་དབུལ་ཕོངས་བ་རྣམས་ལ་ལག་རྩལ་འཁྲིད་བཞིན་ཡོད་ལ། ས་གནས་མང་ཚོགས་རྣམས་ཀྱིས་ལག་རྩལ་སྦྱོང་བར་རིན་མི་དགོས་པ་མ་ཟད་ཟ་མ་དང་སྡོད་གནས་བཀོད་སྒྲིག་བྱེད་ཀྱི་ཡོད་པ་དང་། ད་དུང་སྲིད་གཞུང་གིས་ཟླ་རེར་སྒོར900ཡི་གསབ་དངུལ་སྤྲོད་ཀྱིན་ཡོད། ན་ནིང་ནས་བཟུང་ས་གནས་མང་ཚོགས11གིས་ལག་རྩལ་སློབ་བཞིན་པ་དང་། ད་ལྟ་མི6ལག་རྩལ་འདིར་བྱང་ཆ་ལྡན་པར་གྱུར་བ་མ་ཟད་གཞན་ལ་སློབ་ཁྲིད་བྱེད་བཞིན་ཡོད། བོད་ཀྱི་སྲོལ་རྒྱུན་ལག་འཐག་ས་གདན་གྱི་རྒྱུ་ཆ་ཚང་མ་བལ་ཡིན་པ་དང་། འཁེལ་འཐག་གི་དུས་ཡུན་རིང་བས་རྐྱེན་གྱིས་རིན་གོང་ཅུང་ཆེ་བ་ཡིན། སྔོན་ཆད་རྒྱ་གར་དང་བལ་ཡུལ་གྱི་ས་གདན་ཞིག་ཉོ་ཚེ་སྒོར་ཁྲི་ལྷག་དགོས་ལ། དཔལ་འབྲུག་གི་སྤྱིར་བཏང་ས་གདན་ཞིག་ལ་སྒོར3000ལས་མི་དགོས། ན་ནིང་གཅིག་པུར་སྒོར་ཁྲི་བརྒྱ་ལྷག་གིས་ཕྱིར་འཚོང་བྱས་ཀྱང་། ད་དུང་མཁོ་མང་འདོན་ཉུང་གི་ཚད་དུ་ཡོད། མཉམ་ལས་ཁང་གི་ལས་མི་རྣམས་ལ་ཡང་སྒོར་ཁྲི1ལྷག་གིས་ཡོང་སྒོ་འཕར་ཡོད། དཔལ་འབྲུག་རྒྱ་མཚོས་བཤད་རྒྱུར། ལག་རྩལ་འདི་མི་མང་པོ་ཞིག་ལོབས་རྗེས་ངས་ས་ཆ་གཞན་པ་སྟེ་དཔེར་ན་ཀན་སུའུ་དང་མཚོ་སྔོན་སོགས་སུ་མངག་ནས་ལག་རྩལ་འདི་ཁྲིད་དེ་རྒྱུད་འཛིན་ཐུབ་པ་བྱ་རྒྱུ་ཡིན་ཟེར།
ཐང་ག་ནི་བོད་ཀྱི་སྣོད་བཅུད་རིག་གནས་ཁྲོད་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་པའི་ལྷ་རིས་སྒྱུ་རྩལ་ཞིག་ཡིན་ལ། དངོས་མིན་ཤུལ་བཞག་རིག་གནས་གལ་ཆེན་ཞིག་ཀྱང་ཡིན། རྔ་བ་རྫོང་གི་ཡིད་མཚོའི་རྦ་རླབས་མཛེས་རྩལ་གླིང་ནི་སྨན་ལུགས་ཐང་གའི་མཛེས་རྩལ་རྒྱུད་འཛིན་རྟེན་གཞི་ཞིག་ཡིན་ལ། མཛེས་རྩལ་གླིང་དེ་ག་ནི་ཤེས་རབ་ཚོགས་གཉིས་ཀྱིས་དུས་རབས་གོང་མའི་ལོ་རབས90པར་གསར་དུ་བཙུགས་པ་ཞིག་ཡིན་ལ། ད་བར་དུ་སློབ་མ300ལྷག་གསོ་སྐྱོང་གནང་ཡོད། འདིར་སློབ་སྦྱོང་མཁན་ཚང་མ་རོང་འབྲོག་ཁུལ་ནས་ཐོན་པའི་བྱིས་པ་རྐྱང་རྐྱང་ཡིན།
ཤེས་རབ་ཚོགས་གཉིས་ཀྱིས་རྒྱུད་འཛིན་ལྟེ་གནས་འདི་འཛུགས་པའི་ཐོག་མའི་ཀུན་སློང་མཚམས་སྦྱོར་སྐབས་སུ་བཤད་རྒྱུར། ཁོ་ཚོར་འདི་ནས་ལག་རྩལ་སློབ་སྦྱོང་བྱེད་དུ་འཇུག་པ་ནི་རྒྱུད་འཛིན་ཁོ་ནའི་ཆེད་དུ་མ་ཡིན་པར། ཁོ་ཚོར་ལག་རྩལ་འདི་ལྡན་ཚེ་རང་ཁ་རང་གསོ་བྱེད་ཐུབ་པས་ཡིན་ཟེར།
ཕོ་ལོ21ལོན་པའི་ཚེ་དཔག་ལ་མཚོན་ན། ཁོ་ནི་ས་གནས་དེ་གའི་འབྲོག་ཁྱིམ་ཕལ་བ་ཞིག་ནས་ཡིན་ཞིང་། འདིར་སློབ་སྦྱོང་ལ་ཐོན་ནས་ལོ2འགོར་འདུག་ལ། སློབ་མ་འབྲིང་བོའི་གྲས་ཡིན། ཚེ་དཔག་གིས་བཤད་རྒྱུར། འདི་ནས་སློབ་སྦྱོང་བྱེད་པར་རིན་པ་སྤྲོད་མི་དགོས་ལ། ཟ་མ་དང་སྡོད་གནས་བཀོད་སྒྲིག་བྱེད་ཀྱི་ཡོད་སྟབས། ལག་རྩལ་འདི་ལོབས་རྗེས་རང་ཁ་རང་གསོ་བྱ་ཐུབ་ཁོ་ཐག་རེད་ལ། ད་དུང་ལོ10མ་ལོན་ཚེ་ཡོངས་སུ་བསླབ་མི་ཚར་མོད། ནང་མི་ཚོས་རྒྱབ་སྐྱོར་ཚད་མེད་བྱེད་ཀྱི་ཡོད་པས་དམིགས་འདུན་རིང་བོར་འཐེན་ཆོག ཡང་གཅིག་བཤད་ན་འདི་ཡང་རིག་གནས་རྒྱུད་འཛིན་ཞིག་ཅི་ལ་མིན་ཟེར།
རྒྱན་གོས་རིག་གནས་རྒྱུན་འཛིན་ནི་དངོས་མིན་ཤུལ་བཞག་རིག་གནས་རྒྱུན་འཛིན་གྱི་ཕྱོགས་གཙོ་བོ་ཞིག་ཡིན་ལ། བོད་ལུགས་རྒྱན་གོས་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་དུ་ལག་འཐག་ཐོན་སྐྱེད་ལག་རྩལ་འབུར་དུ་ཐོན་ཡོད། ཡིན་ཡང་བོད་ཀྱི་བཟོ་བ་ནི་ཆེད་ལས་པ་མིན་ལ། མང་ཤོས་རང་གི་གཉེན་ཉེའི་གམ་ནས་བསླབ་པ་ཡིན་པས། ལག་རྩལ་འདི་རྒྱུན་འཛིན་བྱས་པ་བརྟན་པོ་མིན།
རྔ་བ་རྫོང་སྒོ་མང་ཡུལ་ཚོ་རུ་རྒྱ་ལེབ་ཚང་ཞེས་པའི་སྲོལ་རྒྱུན་འཚེམ་བཟོའི་ལག་རྩལ་རྒྱུན་འཛིན་ལྟེ་གནས་ཤིག་ཡོད་པ་རེད། གསར་འཛུགས་པ་རྒྱ་པེ་ནི་ད་ལོ་ལོ་ན60ལོན་ཡོད་ལ། སྒོ་མང་ཡུལ་ཚོའི་ཡིན། ཆུང་དུས་སུ་ཁྱིམ་གྱི་འཁོས་ཀ་ཞན་སྟབས་ལོ་ན17སྟེང་ནས་ས་གནས་དེ་གའི་དགེ་རྒན་གཉིས་ཀྱི་མདུན་ནས་ལག་རྩལ་འདི་ཕོ་ལོ28བར་དུ་བསླབས་ཤིང་། དེའི་རྗེས་སུ་ཁོ་རང་གིས་ཁེར་ཚུགས་ཀྱི་བོད་ལུགས་རྒྱན་གོས་འཚེམ་བཟོ་བྱས། 2012ལོར་ཁོས་ས་གནས་མང་ཚོགས་ལ་ལ་དབུལ་ཞིང་ལག་རྩལ་གཅིག་ཀྱང་མེད་པ་མཐོང་སྟེ་རྒྱུན་འཛིན་ལྟེ་གནས་འདི་འཛུགས་མགོ་བརྩམས་པ་རེད། རྒྱ་པེས་བཤད་རྒྱུར། ས་གནས་མང་ཚོགས་དབུལ་བོར་རོགས་རམ་གྱི་ཞོར་དུ་ལག་རྩལ་འདིའང་རྒྱུན་འཛིན་ཐུབ་པ་བྱུང་ཡོད་ཟེར། འདི་ནས་ལག་རྩལ་འདི་སློབ་པར་རིན་པ་སྐར་གང་ཡང་མི་དགོས་ལ། ད་དུང་བྱིས་པ་རྣམས་དབྱར་རྩ་དགུན་འབུ་སོགས་བརྐོ་བར་འགྲོ་དགོས་པས་དུས་ཚོད་ཀྱི་གཏན་འཁེལ་མེད་ལ། དུས་ངེས་མེད་དུ་ཡོང་ནས་བསླབ་ཆོག་གི་རེད།
རྒྱུན་འཛིན་ལྟེ་གནས་འདི་འཛུགས་ཆེད། རྒྱ་པེས་སྒོར་ཁྲི50ལྷག་བསྡུས་ཤིང་ད་དུང་སྒོར་ཁྲི30ལྷག་གི་དངུལ་བུན་སྤྲོད་མ་ཐུབ་པར་ལུས་ཡོད། བཟོས་ཟིན་པའི་རྒྱན་གོས་རྣམས་ཕྱིར་བཙོང་རྗེས་སླར་ཡང་རས་ཀྱི་རྒྱུ་ཆ་ཉོས་ཏེ་བྱིས་པ་རྣམས་ལ་འཚེམ་བཟོ་བྱེད་དུ་འཇུག་གིན་ཡོད། ལོ་ན19སོན་པའི་དབང་ཆེན་འཚོས་འདི་ནས་ལོ5ལ་སློབ་སྦྱོང་བྱས་ཟིན། ཁོ་མོའི་ཨ་ཕ་འདས་སྔ་བས་དམའ་འབྲིང་སློབ་མཐར་ཕྱིན་རྗེས་ཨ་མའི་འགན་ཁུར་ཇེ་ཡང་དུ་གཏོང་ཆེད། འདིར་ཡོང་ནས་ལག་རྩལ་སློབ་མགོ་བརྩམས་པ་རེད་ལ། ད་ནི་བོད་ལུགས་རྒྱན་གོས་དང་རས་གུར་སོགས་བཟོ་ཤེས་ཀྱི་ཡོད། ཁོ་མོས་དགེ་རྒན་རྒྱ་པེས་གོ་སྐབས་འདི་འདྲ་ཞིག་བསྐྲུན་པར་བཀའ་དྲིན་ཞུས་ཤིང་། དབང་ཆེན་འཚོས་བཤད་རྒྱུར། དགེ་རྒན་རྒྱ་པེ་ནི་ཁོ་མོའི་རྒྱབ་རི་ལྟ་བུ་ཡིན་ལ། ལག་རྩལ་འདི་ལོབས་པས་ཁོ་མོའི་མི་ཚེ་དོན་དང་ལྡན་པར་གྱུར་པ་དང་། འཚེམ་བཟོ་ཡོངས་སུ་བསླབས་ཚར་རྗེས་རང་གིས་བཟོ་ཁང་ཞིག་གཉེར་ཞོར་དུ་གཞན་ལ་སློབ་ཁྲིད་བྱས་ཆོག་ལ། ལག་རྩལ་འདི་རྒྱུན་འཛིན་བྱས་པ་རེད་ཅེས་དབང་ཆེན་འཚོས་རང་གི་མ་འོངས་པར་འཆར་གཞི་འཐེན་བཞིན་འདུག་གོ།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1