མཚོ།
མཚོ། མིང་དངོས་ལ་སྒྲོལ་མ་ཚེ་རིང་དུ་འབོད། ལོ་རབས་བརྒྱད་ཅུ་པར་མཚོ་ལྷོའི་ཀོས་ནན་རྫོང་དུ་སྐྱེས་ཤིང་། ད་ལྟ་ཀོས་ནན་རྫོང་མཁར་གྲོང་སློབ་ཆུང་གཉིས་པར་དབྱིན་ཡིག་དགེ་རྒན་གྱི་ལས་ཀ་གཉེར་མུས་སུ་ཡོད།
སྔ་རྗེས་སུ། 《སྦྲང་ཆར》དང་《གངས་རྒྱན་མེ་ཏོག》 《ཟླ་ཟེར》 《བོད་ཀྱི་རྩོམ་རིག་སྒྱུ་རྩལ》 《མཚོ་སྔོན་བོད་ཡིག་གསར་འགྱུར》 《ཁྲིམས་ལུགས་ཚགས་པར》སོགས་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་དག་ཏུ་སྙན་ངག་དང་ལྷུག་རྩོམ་སོགས་རྩོམ་སྣ་མང་དུ་བཀོད་པར་མ་ཟད། བརྩམས་ཆོས་རེ་འགའ“གཟི་མིག”དཔེ་ཚོགས་དང“འབྲོང”དཔེ་ཚོགས། “དམངས་ཕན”དཔེ་ཚོགས་སོགས་སུ་བདམས་བཀོད་དང་པར་སྐྲུན་བྱས་ཡོད།
2014ལོར་སྙན་དེབ་ཐོག་མ《སེམས་པ་བཞུད་པའི་དབྱངས》ཞེས་པ་དེ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས།
རྩོམ་འབྲིའི་ཉམས་མྱོང་གླེང་བ།
ང་རང་སྐྱེས་ས་ནི་མང་འབའ་བྱ་གསུམ་དུ་གྲགས་པའི་མང་ར་ས་ཆ་ཡིན་ལ། ངའི་ཕ་མེས་ཡང་མེས་དག་གིས་གནས་འདི་ནས་ཞིང་ས་གྲུ་བཞི་དང་ཁང་པ་སྐྱ་ལེབ་དག་བསྲུངས་ནས་མི་ལོ་གང་མང་ཞིག་འགོར་སོང་། མི་ལོ་མང་པོའི་རྗེས་ཀྱི་ལོ་རབས་བརྒྱད་ཅུ་པའི་ཉིན་ཞིག ངའི་མི་ཚེའི་ཆེས་ཐོག་མའི་ངུ་སྐད་ཕྲ་མོས་མང་ར་གསེར་གཞུང་རིང་མོ་གཉིད་ལས་དཀྲོགས་མེད་རུང་། ངའི་ཕ་མ་གཉིས་ཀའི་སེམས་ལ་དྲོད་ཀྱི་མེ་ཁ་གང་རུང་ཞིག་གསོས་མྱོང་བ་སུར་མི་གསལ།
ངའི་ཆུང་དུས་ཀྱི་ལོ་ཟླ་ནི་རྨི་ལམ་དང་སྟོང་འདང་གི་ཁྲོད་ནས་བསྐྱལ་པ་འདྲ་ལ། ཧམ་སེམས་དང་རྒྱང་རིང་གི་རེ་བའི་ཁྲོད་ནས་འདས་པ་ཡང་འདྲ་སྟེ། ང་རང་ཆུང་དུས་ནས་དཔེ་ཀློག་གི་ཞོར་ནས་གླུ་དབྱངས་ལ་དགའ་ཞིང་། གླུ་དབྱངས་ཀྱི་ཞོར་ནས་རི་མོར་དུངས་ལ། རི་མོའི་ཞོར་ནས་རྩོམ་འབྲིར་ཡང་མོས་སོང་།
སྐབས་དེའི་དགའ་ཕྱོགས་སྣ་མང་གི་ཁྲོད་དུ་གྲུབ་འབྲས་འགངས་ཆེན་གང་ཡང་སྟོན་རྒྱུ་མེད་པས་ཡིན་ནམ། སློབ་ཆུང་གི་སྐབས་སུ། དགེ་རྒན་གྱི་གཅར་རྡུང་དང་ཕ་མའི་བཀའ་བཀྱོན། སློབ་གྲོགས་ཚོའི་འཕྱ་སྨོད་ཁྲོད་ནས་ནར་སོན་པའི་ལོ་ཟླ་དེ་ད་དུང་ཡང་དྲན་པའི་ཁྲོད་ཝ་ལེར་གསལ་ཡོང་། རེད་ལགས། དེ་ཙམ་གྱིས་ངའི་དགའ་ཕྱོགས་ལ་འགྱུར་བ་མ་ཐེབས་ཤིང་། ངའི་ཧམ་སེམས་ཀྱི་མེ་ལྕེའང་གཞོམ་ག་ལ་ཐུབ།
ད་ལྟ་ཕྱིར་འདང་རེ་བརྒྱབ་ན། ང་ནི་ནམ་ཞར་ཡང་ལྷན་སྐྱེས་ཀྱི་ཤེས་རབ་ཅན་ཚོའི་གྲས་སུ་འདུ་ཐབས་མེད་པ་ནི། ངས་རང་གི་དགའ་ཕྱོགས་གང་ལ་ཡང་བརྩོན་པ་རྒྱ་ཆེར་བྱས་ཤིང་། བརྩོན་པ་རྒྱ་ཆེན་གྱི་མཇུག་འབྲས་ནི་སློབ་ཆུང་ནས་སློབ་འབྲིང་དང་། འབྲིང་རིམ་ལ་སོགས་རེ་རེ་བཞིན་ཐོགས་རྡུགས་མེད་པར་སློབ་མཐར་ཕྱིན་ཅིང་། སློབ་མའི་འཚོ་བའི་ཁྲོད་དུ་གླུ་དབྱངས་དང་རི་མོའི་བྱ་དགའ་གང་མང་བླངས་པ་དང་། སྤྱི་ཚོགས་ཀྱི་འཚོ་བའི་གར་སྟེགས་འདིའི་ཁྲོད་དུ་ཞུགས་པའི་རྗེས་སུ། ངའི་བརྩམས་ཆོས་སུ་བགྲང་ཆོག་པའི་ཡིག་རྡོག་དེ་ཚོ་ཡང་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་གང་རུང་དུ་འཁོད་པའི་བསྐལ་པ་ཐོགས་མེད་དུ་ཤར་བ་ཁོ་ནས་ཀྱང་བདེན་དཔང་བྱས་ཆོག་སྙམ།
ང་ནི་དེ་ལྟར་ནར་སོན་ཞིང་འདི་ལྟར་ལམ་ལ་ཆས་པ་ཡིན་ཏེ། ངའི་མི་ཚེ་འདིའི་ཁྲོད་ཕ་ས་ཕ་ཡུལ་དང་ཕ་མ་གཉེན་ཉེ། གྲོགས་པོ་གྲོགས་མོ་མང་པོ་ཞིག་གི་དགའ་སྡུག་གི་འཚོ་བའི་གཏམ་རྒྱུད་ངའི་སྙན་ངག་གི་ས་བོན་དུ་སྨིན་པ་ནི། འཚོ་བ་ནི་མ་གཞི་ནས་སྙན་ངག་ཅིག་ཡིན་པས་རེད་ལ། ང་ལའང་འཚོ་བའི་ཁྲོད་ཀྱི་སྙན་ངག་འཐུ་བའི་ཚོར་བ་རྣོན་པོ་ཞིག་དང་གཤིས་ཀ་ཚེགས་ཡངས་ཤིག་ཡོད་པས་ཡིན་ཏེ། ང་ནི་ནམ་རྒྱུན་གཞན་གྱི་གཏམ་རྒྱུད་ཀློག་རྒྱུར་དགའ་ཞིང་གཏམ་རྒྱུད་དེ་དག་གི་ཀློང་དུ་འཛུལ་ནས་དགའ་སྡུག་གི་ཚོར་བ་ཉམས་སུ་མྱོང་རྒྱུར་གོམས་ཡོད། ཡིན་ནའང་། དེ་ཙམ་གྱིས་ངས་གཞན་གྱི་གཏམ་རྒྱུད་ཀྱིས་རང་གི་སྤྲོ་བ་དྲངས་པ་མིན་ལ། ངས་གཞན་གྱི་གཏམ་རྒྱུད་ཁྲོད་རང་ལ་དགའ་སྣང་བཙལ་བའང་མ་ཡིན་པར། ངས་ནི་རང་ཉིད་ལ་འཚོ་བའི་རྨང་གཞི་བརྟན་པོ་ཞིག་བཙུགས་པའམ་རྩོམ་འབྲིའི་ཉམས་མྱོང་མོད་པོ་ཞིག་བསགས་པ་ཙམ་མོ། ། དེ་བས། ནམ་ཉི་མ་ཞིག་ལ། ཀློག་མཁན་ཁྱེད་ཀྱི་མི་ཚེའི་གཏམ་རྒྱུད་གང་རུང་ཞིག་ངའི་སྙན་ངག་གི་རྒྱབ་ལྗོངས་སུ་ཤར་ཡོང་ཚེ། ང་ལ་ཅིས་ཀྱང་གུ་ཡངས་གཏོང་རོགས།
བདག་གིས《སེམས་པ་བཞུད་པའི་དབྱངས》ཞེས་པའི་སྙན་དེབ་ཅིག་བྲིས་མྱོང་ཞིང་། སྙན་དེབ་དེའི་ནང་དུ2010ལོ་ནས2014ལོའི་བར་གྱི་ལོ་ངོ་ལྔའི་རིང་གི་བརྩམས་ཆོས65ཕྱོགས་བསྡུས་བྱས་ཡོད་པ་དང་། དེ་དག་ལས་མང་ཤོས་ཤིག《སྦྲང་ཆར》དང《བོད་ཀྱི་རྩོམ་རིག་སྒྱུ་རྩལ》 《གངས་རྒྱན་མེ་ཏོག》སོགས་དུས་དེབ་དང་ཚགས་པར་སྟེང་བཀོད་ཡོད་པར་མ་ཟད། རྒྱ་ཆེ་བའི་ཀློག་པ་པོ་དག་གིས་གདེང་འཇོག་དང་རྒྱབ་སྐྱོར་ཀྱང་ཚད་མེད་ཐེབས་མྱོང་།
སྙན་དེབ་དེའི་ནང་དུ། བདག་གིས་རིང་ལ་ཐུང་བའི་མི་ཚེའི་བགྲོད་ལམ་ཁྲོད་དུ་དངོས་སུ་མྱངས་ཤིང་བག་ཆགས་མཐུག་པའི་སེམས་ཚོར་མང་པོ་ཞིག་པིར་རྩེར་བླངས་ཡོད་པ་སྟེ། སྙན་དེབ་ཧྲིལ་པོར《རྒྱང་བཞུད་ཀྱི་སྙིང་པོ》དང《དྲན་པའི་ཟིན་བྲིས》 《ཉེ་འཁོར་གྱི་མི་ལ་བླངས་པའི་གླུ》 《ངའི་སྒྱུ་འཕྲུལ་གྱི་ཁང་ཆུང》བཅས་ཚན་པ་བཞི་རུ་དབྱེ་ཡོད་པ་དང་། ཚན་པ་དེ་དག་ཀྱང་སོ་སོར་ཡུལ་དུངས་དང་བརྩེ་དུངས། ཕུགས་འདུན་དང་མ་འོངས་ཞེས་པའི་ཐ་སྙད་འགའ་རུ་བསྡུས་པ་ཙམ་མ་ཡིན་པར། བདག་གི་བླ་སྲོག་གི་གཏིང་རུམ་ཞིག་ཏུ་ནམ་ཞར་ཡང་འཕག་འཚག་རྒྱག་གིན་པའི་བསམ་བློའི་སྙིང་སྟོབས་ཤིག་དང་ཚོར་འདུའི་མཐོ་རླབས་ཤིག་མཚོན་ཡོད་པར་བསམས།
དྲང་མོར་བཤད་ན། བདག་ནི་སྙན་ངག་ཅུང་རིང་མོའི་རིགས་འབྲི་རྒྱུར་དགའ་ཞིང་། ཐུང་ངུའི་རིགས་ཀྱིས་བདག་གི་སེམས་ཀྱི་ཚོར་བ་དེ་མཚོན་ཐུབ་ཀྱིན་མེད་པ་ལྟར་སྣང་ལ། སྙན་ངག་འབྲི་དུས་ཀྱང་ཚོར་བ་དང་བརྩེ་བ་གཙོ་བོར་འཛིན་པ་ལས་ཚིག་རྒྱན་དང་མཚོན་ཐབས་ལ་དེ་འདྲ་དོ་སྣང་བྱས་པ་མིན། དེ་བས། བདག་གི་སྙན་ངག་ཀློག་དུས་སུ་ཀློག་པ་པོ་དག་ལ་སྙན་ངག་རིང་བའི་ཆད་སྣང་དང་ཚིག་གྱོང་བའི་སུན་སྣང་སྟེར་ཡང་སྲིད་མོད། སྙན་ངག་གི་ཕུགས་སུ་བསྐུངས་ཡོད་པ་ནི་བུད་མེད་ཅིག་གི་ནང་སེམས་ཀྱི་འཇིག་རྟེན་ངོ་མ་ཡིན་པ་བསམས་ན། དེས་ནི་ཁྱོད་རང་དགའ་སྐྱོ་ཆགས་སྡང་གི་འཇིག་རྟེན་ཞིག་ཏུ་མི་འདྲེན་པའི་ངེས་པ་མེད།
བདག་ནི་བུད་མེད་ཅིག་ཡིན་པ་དང་བུད་མེད་དགེ་རྒན་ཞིག་ཡིན་པ། དེ་ལས་ཀྱང་ཨ་མ་ཞིག་ཡིན་པའི་ངོས་ཐད་ནས། བདག་གི་ཉིན་རྒྱུན་གྱི་འཚོ་བའི་ནང་དོན་སྣ་མང་རྙོག་འཛིང་གི་ངོ་བོར་གྲུབ་ཡོད་པ་དང་། སྣ་མང་རྙོག་འཛིང་གི་ངོ་བོ་དེ་དག་གིས་སྙན་ངག་གི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་བས་ན། བདག་གི་སྙན་ངག་རེ་རེའི་བརྗོད་བྱ་ཐ་དད་ཅིང་། ཐ་ན་སྙན་ངག་གཅིག་གི་ནང་དུའང་དོན་དག་མང་པོ་ཞིག་གླེང་སྐབས་ཡོད་པ་དང་། བདག་ནི་འཚོ་བར་ཡིད་ཆེས་དང་མ་འོངས་པར་རེ་བློ་ཆེ་ཆེར་ཡོད་པའི་བུད་མེད་ཅིག་ཡིན་པས། བདག་གིས《ད་ནས་དངོས་སུ་ལམ་ལ་ཆས་འགྲོ》དང《མཉམ་དུ་ཕ་མཐར་འགྲོ》《རྒྱང་རིང་ལ་ཆས་པའི་གོམ་ཆུང》《སྙན་ངག་འབྲི》ལྟ་བུའི་སྙན་ངག་བྲིས་པ་ཡིན་ལ། བདག་ནི་ཚོར་བས་ཟིན་པའི་འཚོ་བའི་བདེ་སྡུག་མཐོང་མཁན་ཞིག་ཡིན་པས། 《ཨ་ཅེ》གཙོ་བོ་ཡིན་པའི་ཞིང་གྲོང་གི་འཚོ་བའི་རྒྱབ་ལྗོངས་འོག་གི་བུད་མེད་དག་གི་བདེ་སྡུག་གླེང་རྒྱུ་མང་ཞིང་། དེ་དག་གི་བདེ་སྡུག་ལ་གདུང་སེམས་འཆང་གིན་སེམས་སུ་བཟོད་ཐབས་མེད་པའི་ན་ཟུག་སྐྱེས་ཐེངས་རེ་རེར་སྙན་ངག་གིས་རང་སེམས་རང་གིས་གསོས་པ་ཡིན།
བདག་གིས་སྙན་ངག་ནི་སློབ་སྦྱོང་ཞིག་གི་ཚུལ་དུ་བྲིས་པ་ཡིན་པས། སྐབས་ལན་རེར། བརྗོད་འདོད་པའི་སེམས་ཀྱི་ན་ཟུག་དེ་བརྗོད་ཐབས་མེད་པའི་ན་ཟུག་དེའང་མྱོང་གིན་ཡོད་པ་དང་། འཚོ་བའི་ཁྲོད་དུའང་དེའི་ཤུགས་རྐྱེན་གྱིས་སེམས་ཁམས་སྐྱིད་པོ་མེད་པའི་སྐབས་ཀྱང་བྱུང་མྱོང་། ངས་བསམས་ན། བདག་གི་སྙན་ངག་གིས་ཀློག་པ་པོར་བཞག་པའི་བག་ཆགས་ཆེས་གསལ་པོ་དེ་ནི་འཚོ་བ་དངོས་ཀྱི་ཤུགས་ཆེ་ཞིང་། འཚོ་བ་དངོས་ཀྱི་རྨང་གཞིའི་སྟེང་དུ་ད་གཟོད་འཆར་ཡན་གྱི་བློའང་འདྲེས་པའི་ཚོར་བ་དེ་ཇི་བཞིན་སྙན་ངག་ཏུ་བྲིས་པ་དེ་ཡིན་ལ། དེས་ནི་བདག་གི་སྙན་ངག་ལ་གསོན་ཉམས་ལྡན་པའི་ཚིག་གི་སྦྱོར་བ་མེད་ནའང་། དོན་དང་ལྡན་པའི་འཚོ་བའི་རི་མོ་མཐོང་ཐུབ་བསམས་ཡོད།
སྐབས་ལན་རེར། འཚོ་བ་ནི་མྱངས་མི་ཚར་བ་ཞིག་ཡིན་བཞིན་དུ། ང་ལ་སྙན་ངག་བྲི་རྒྱུ་མེད་པའི་དུས་སྐབས་ཀྱང་ཧ་ཅང་མང་སྟེ། དེ་ནི་ངའི་ཤེས་རབ་ཀྱི་ཚད་དམའ་ཞིང་ཚོར་བ་ཡི་རྣོ་རྟུལ་བས་ཡིན་ཡང་སྲིད། ཇི་སྐད་དུ། སྙན་ངག་ནི་སེམས་ཀྱི་དགའ་སྡུག་གི་ཚོར་བ་རང་བྱུང་དུ་བརྡོལ་བ་ཡིན་ཞེས་ཀྱང་བཤད་པ་མིན་ནམ། ངས་རྩོམ་འབྲི་ནི་ལས་ཀ་ཞིག་ཏུ་མི་བསམ་པར་སློབ་སྦྱོང་ཞིག་ཏུ་བསམ་བཞིན་ཡོད་ལ། སློབ་སྦྱོང་དེ་ཡང་མཐར་ཕྱིན་ཐབས་མེད་པའི་འཚོ་བའི་གྲུབ་ཆ་ཞིག་ཏུ་བརྩིས་ཡོད་པས་ན། བདག་གིས་སྨྲ་བསམ་བརྗོད་འདས་ཀྱི་སེམས་ཚོར་མ་ལུས་མིག་ལམ་དུ་བསྟར་ཞིང་། རྫོགས་མཐའ་བྲལ་བའི་བདེ་སྐྱིད་དང་སྡུག་བསྔལ་སྣ་ཚོགས་ཀྱིས་མིའི་གཉུག་གཤིས་ཀྱི་རྟིང་མ་དེ་མངོན་པར་བྱས་ཏེ། མངོན་སུམ་གྱི་འཚོ་བའི་ཁྲོད་ནས་རང་གཞན་གང་རུང་གིས་བྱིན་པའི་གདུག་རྩུབ་དང་བདེ་བ་སོགས་མངོན་པར་མཚོན་ཐུབ་བྱས་ཡོད་དོ། །
(མཚོ་སྔོན་བོད་ཡིག་གསར་འགྱུར་ལས་བཤུས།)