༄༅།། མཚོ་དང་མོའི《སེམས་པ་བཞུད་པའི་དབྱངས》
གཅན་མེ་སྟག རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-13
གཅན་མེ་སྟག
མཚོ་ཡི་སྙན་ངག་ནི་ཞོགས་པའི་རི་སུལ་ན་མངོན་ལ་མི་མངོན་པའི་ཉམས་ཀྱིས་འཕྱོ་བའི་ན་བུན་ཞིག་དང་འདྲ་བར་ལྷོད་ཅིང་ཡང་ལ་རྣམ་རིག་བཀྲ་བ། འཇམ་ཞིང་སྣུམ་ལ་སྤྲོ་བག་འཕེར་བའི་ངང་ལྡང་ལ། ཕྱི་ཡི་ཚིག་འགྲོས་ཀྱི་དལ་འཇགས་དེའི་ནང་རིམ་དུ་གཟུགས་འདས་རིག་པའི་བསམ་གཞིག་གི་འཕོ་སྣེ་ལང་ལོང་དུ་འགྱུ་བའི་ངང་དུ་མཐོང་། མོའི་སྙན་ངག་ལ་ཐུན་མིན་ཁྱད་པར་གྱི་བློ་སྟོབས་འདུ་ཤེས་མི་སྣང་ནའང་། ཡོད་ཅིང་མེད་པའི་བརྩེ་སེམས་ཀྱི་དབུགས་རྒྱུན་གཅིག་མཐུད་གཉིས་སྦྲེལ་དུ་མཐུད་པས། དུས་སྐབས་མི་འདྲ་བ་དང་སྤྱི་ཚོགས་མི་འདྲ་བ། ཁོར་ཡུག་མི་འདྲ་བའི་མྱོང་སྣང་སོ་སོར་ཡང་ཚེ་སྲོག་གི་བླ་གཟུགས་གསོན་ཤུགས་ཀྱིས་བརྟས་པའི་ངང་དུ་ཡོད། དེའི་དབང་གིས་མཚོ་ཡི་སྙན་ངག་ནི་འཇམ་མཉེན་ཅན་ཞིག་རེད། འཇམ་མཉེན་དེ་ཡང་སྒྲོ་སྤུ་བཞིན་ཡང་ཞིང་ལྗིད་ཀྱིས་མ་བཅིངས་པ་དེ་འདྲ་མ་ཡིན་པར། དེ་ནི་ཚེ་སྲོག་གི་བསམ་གཞིག་བར་སྟོང་ན་རྒྱུ་བའི་སྙན་ངག་པའི་འདུ་ཤེས་ཀྱི་ཡང་བ་དེ་རེད། དེ་ནི་དོན་ལྕི་མོ་ཞིག་ཚིག་ཡང་བར་བཏེགས་ཤིང་། སྐད་ཆ་ཡང་མོ་ཞིག་གིས་ཤུགས་བསྟན་ལྕི་མོ་ཞིག་མཚོན་པར་བྱས་པའི་ཉམས་ཤིག་རེད། ཕྱི་ངོས་ནས་བལྟས་ན། དེ་ནི་སྙན་ངག་པའི་བསམ་བློའི་སྣང་ཚུལ་ཞིག་གམ་འདུ་ཤེས་ཀྱི་འཁོར་སྟངས་ཤིག་ཏུ་མངོན་པ་འདྲ་མོད། བདག་གིས་དེ་ནི་སྐྱེས་སྟོབས་ཀྱི་རིག་པ་ཞིག་དང་། སྣ་ཚོགས་ཟང་ཟིང་གི་འཇིག་རྟེན་ནས་རང་བློ་འདམ་གྱིས་མ་གོས་པའི་དག་གཙང་ཞིག་ཏུ་མཐོང་བཞིན་ཡོད།
མཚོ་ཡི་སྙན་ངག་ཀློག་དུས་སུ། ང་ཚོས་མཐོང་ཐུབ་པ་ནི་སྙན་ངག་པས་གདོང་གཏད་པའི་ཕ་མ་ཕུ་ནུ་དང་། དགའ་སྐྱོ། འཕེལ་འགྲིབ། དར་རྒུད་ལ་སོགས་པ་ཡིན་ཞིང་། སྙན་ངག་པས་མཐོང་སྣེ་རུ་བཟུང་བ་ཡང་ལོ་རྒྱུས་དང་དོན་དངོས། དགའ་དུངས་དང་ཆགས་ཞེན་སོགས་ཡིན་པ་སྟེ། དེ་ནི་ད་གཟོད་རྟག་བརྟན་མི་འགྱུར་བའི་མི་ཚེའི་བརྗོད་བྱ་ཡིན་ལ། ང་ཚོ་མི་སོ་སོ་ནས་བརྒལ་ཐབས་མེད་པའི་འཚོ་གནས་ཀྱི་དོགས་གནད་དེ་རེད།
འདི་དངོས་གནས་མཚར་པོ་ཞིག་རེད། ལོ་ན་གཞོན་པའི་བུད་མེད་སྙན་ངག་པ་ཞིག་གིས་ཉམས་འགྱུར་སྡུག་གུར་ལྡེམ་པའི་མངོན་སུམ་གྱི་མྱོང་སྟོབས་ཤིག་ལ་བརྟེན་ནས། འ་འུར་འདུ་འཛིས་སྦགས་པའི་འཚོ་བའི་གཏིང་རིམ་ཞིག་ནས་མི་ཚེའི་གནད་དོན་མང་པོ་ཞིག་ལ་བསམ་བློ་བཏང་ཞིང་། འཇིག་རྟེན་འཚོ་གནས་ཀྱི་མཇུག་མཐའི་ཞིང་ཁམས་ལྐོག་གྱུར་པ་ཞིག་ལ་འཚོལ་སྙེག་བྱེད་པ་འདི་དངོས་གནས་བློ་ཡུལ་ལས་འདས་པ་ཞིག་རེད། ཡིན་ནའང་། དེ་ལས་ཀྱང་བློ་ལས་འགོངས་པ་ནི། མཚོ་ཡིས་མིའི་རིགས་བློ་འབྱེད་ཀྱི་ཁ་དོག་སྟུག་པོས་གཡོགས་པའི་ཕྱི་ཚུལ་རིང་ལུགས་ཀྱི་མཚོན་ཐབས་རྨང་ནས་དོར་ཞིང་། གཟུགས་འདས་རིག་པའི་བསམ་གཞིག་གི་གསང་བ་གཏིང་དུ་འབྱམས་པའི་ཡིད་བརྙན་གྱི་འབྲི་ཐབས་བླ་ནས་གཡུགས་ཏེ། སྙན་ངག་བྱ་བ་བསམ་བློའི་སྟེང་གི་རུས་པ་མཁྲེགས་པོ་ཞིག་ཏུ་བསྒྱུར་ཡོད་པ་དེ་རེད།
སྐབས་འདིར། བདག་གིས1996ལོར་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་མཁན་ཕོ་ལན་གྱི་སྙན་ངག་པ་སེམ་པོལ་སི་ཁ(西姆博尔斯卡)དྲན་བྱུང་། མོས་རྒྱུན་པར“ངས་མི་ཤེས”བྱ་བ་ཞིག་ངག་ལ་བཅངས་ཡོད་དེ། གཏམ་རྒྱུད་ཅིག་ཏུ“ཡི་གེ་འདི་གཉིས་ཆེས་ཆུང་ནའང་དེ་ལ་ཤུགས་ལྡན་གྱི་གཤོག་པ་ཞིག་ཡོད་དེ། དེ་ཡིས་ང་ཚོའི་སེམས་ཁོང་གི་འཚོ་བའི་ཁྱབ་ཁོངས་རྒྱ་བསྐྱེད་ནུས་པར་མ་ཟད། ང་ཚོའི་སའི་གོ་ལ་ཆུང་ཆུང་འདིའང་ཡི་གེ་དེ་ཡི་གནམ་སའི་བར་ཁམས་སུ་བཅུག་ཡོད”ཅེས་པ་དེ་རེད། མི་ཤེས། རེད། སྙན་ངག་སྒྱུ་རྩལ་གྱི་ལམ་ཁ་འདིར་མི་ཤེས་བྱ་བ་ནི་མན་ངག་ཅིག་སྟེ། ང་ཚོས་སྙན་ངག་ཅིག་ལས་འཇིག་རྟེན་གྱི་ངོ་བོ་ཡོད་དགུ་གསེད་འགྲོལ་གཏོང་མི་ནུས་པ་བཞིན་དུ། ང་ཚོས་སྙན་ངག་ཅིག་ལས་རང་གི་བློ་ཁ་ཡོངས་སུ་མགུ་བའི་འཆར་སྒོ་ཕྱི་གསལ་ནང་གསལ་ཞིག་ཀྱང་འགོད་ཐབས་མེད། དེ་ལྟ་བུའི་བློ་ཁ་མི་རྫོགས་པའི་གསར་རྩོམ་རེ་རེའི་སླད་དུ། ང་ཚོས་ད་དུང་ཡང་བར་དང་མཚམས་མེད་པར་འབད་བརྩོན་བྱེད་བཞིན་ཡོད། ཐེ་ཚོམ་དང་དོགས་པ། སྐྱོ་ཡུས་དང་རེ་སྒུག འདི་དག་གིས་སྐུལ་བའི་སྐད་ཆ་རེ་རེ་ཡང་དངོས་ཡོད་ཀྱི་སྤྱི་ཚོགས་འདི་དང་བར་ཐག་ཅི་འདྲའི་ཉེ་ཨང་།
མཚོ་ཡི་སྙན་དེབ《སེམས་པ་བཞུད་པའི་དབྱངས》ཞེས་པ་དེ་ས་བཅད་བཞི་ཡིས་གྲུབ་འདུག ས་བཅད་དང་པོར་སྙན་ངག་པ་རང་ཉིད་རྒྱུན་གཏན་འཚོ་བའི་ཟུར་སྣེ་མི་འདྲ་བ་ཞིག་ནས་ལངས་ཏེ། ང་ཚོས་ངེས་པར་གདོང་གཏད་དགོས་པའི་དོན་སྣེ་ཟུར་བ་ཞིག་ནས་ཆས་ཤིང་། སྙན་ངག་པས་མི་ཚེ་ལ་བཅངས་པའི་བསམ་གཞིག་ཐོར་བུ་བའམ། དོགས་གནད་རེ་གཉིས་ལ་ཚ་འདྲི་གཏོང་བའི་ཉམས་ཤིག་མངོན་ལ། དེའི་ཁྲོད་དུ་འཚོ་བའི་དབུགས་རྒྱུན་རླབས་ལྟར་འཕྱོ་བའི་སྙན་ངག《ད་ནི་དངོས་སུ་ལམ་ལ་ཆས་འགྲོ》ལྟ་བུར། ཆེས་སྤྱིར་བཏང་གི་བུད་མེད་ཅིག་གི་ལས་དབང་ལས་ཆས་ཏེ། མོའི་དག་གཙང་གི་མོས་འདུན་དང་རེ་སྒུག་བྲིས་ཡོད་ལ། མི་ལོ་སུམ་ཅུའི་ལས་དབང་གི་བར་ནས་མག་མོག་གི་འཚོ་སྟངས་ཤིག་ནས་རྟོགས་སད་ཀྱི་འཕེལ་རིམ་ཞིག་ཏུ་སླེབས་པའི་བགྲང་བྱའི་འགྲོས་རིམ་བྲིས་ཡོད། སྙན་ངག་དེ་ལས་སྙན་ངག་པའི་སེམས་འགྱུ་དེ་ཚོར་བ་ཙམ་པོའི་ངོས་ལས་བརྒལ་ཏེ། འདུ་ཤེས་ཤིག་གི་ཟབ་ས་དང་རེ་སྨོན་ཞིག་གི་གཏིང་རིམ་དུ་སིམ་པའི་ཉམས་འགྱུར་མངོན་ཡོད། དེ་ལས་གཞན་ཡང《རྒྱང་བཞུད་ཀྱི་སྙིང་པོ》ཞེས་པའི་སྙན་ངག་ལས་སྙན་ངག་པའི་འཚོལ་སྙེག་གི་ངོ་བོ་དེ་འཇིག་རྟེན་ནས་སྐད་གསང་མཐོན་པོས་བསྒྲག་འདོད་ཀྱི་ཤུགས་སུ། མིའི་མཛེས་དཔྱོད་དང་ཀུན་སྤྱོད་ཀྱི་ལྟ་བར་ཕོག་ཐུག་དང་གནོན་ཤུགས་ཐེབས་པའི་རེ་སྙེག་གི་སྐད་སྒྲ་ཞིག་ངང་ངམ་ཤུགས་ཀྱིས་ཐོས་ཐུབ་པ་ལྟ་བུ་རེད།
ས་བཅད་གཉིས་པར་སྙན་ངག་པས་འཇིག་རྟེན་དང་སྤྱི་ཚོགས། བཟའ་ཟླ་དང་བུ་ཕྲུག་སོགས་ལ་བཅངས་པའི་བརྩེ་དུངས་ཀྱི་སྐོར་བྲིས་ཡོད་དེ། བརྩེ་དུངས་དེ་ཡང་ཁྱབ་ཆུང་ཕྱོགས་ཀྱི་ཕོ་མོའི་བརྩེ་དུངས་ལྟ་བུའི་ངོས་ལས་ཇེ་ཡངས་སུ་གྱུར་ཏེ་མི་དང་རང་བྱུང་། འཚོ་བ་དང་། ཐ་ན་རབ་རིབ་མག་མོག་གི་ཀློང་དུ་མངོན་པའི་སེམས་ཀྱི་སྒྱུ་འཕྲུལ་ཞིག་ལ་བཅངས་པའི་ཟུར་གྱིས་དང་། རྣམ་པས་དང་། ཤེད་ཀྱིས་དང་། ཞིབ་ཕྲའི་ངང་མཚོན་པར་བྱས་པས། སྒྱུ་རྩལ་གྱི་མཐོ་དམན་བྱ་བ་དེ་ཚད་ངེས་ཅན་ནས་སྐད་ཆའི་བཀོད་སྒྲིག་ལ་རག་ལས་པའི་མཚོན་རྟགས་ཤིག་ཏུ་གྱུར་ཡོད། 《ཡང་ན། ཁྱོད་ཀྱིས་འདི་ལྟར་གྱིས་ཤིག》ལྟ་བུའི་སྙན་ངག་ལས། ཡིད་བརྙན་གྱི་འགྲོས་རིམ་དེ་ཉིད་དཔེ་གཟུགས་མཉམ་བསྲེས་ཀྱི་རྣམ་པ་ཞིག་གིས་འཐུས་པར་བྱས་ཤིང་། བརྩེ་དུངས་ཀྱི་ཟབ་ཚད་ཉིད་ཀྱང་སྤྱི་མཚན་གྱི་རྣམ་པ་ལས་འགོངས་ཏེ་རང་འདུན་ཐད་བརྗོད་ཀྱི་ཉམས་ཀྱིས་མངོན་པར་བྱས་པས། སྙན་ངག་པའི་ཚོར་བ་སྐྱེན་པོའི་སྣེ་རུ་ཟིན་པའི་འཚོ་བའི་རོགས་རམ་བྲལ་བ་དང་། ཐབས་མེད་པ། རེ་སྒུག་བོར་བ་སོགས་ཀྱི་ཉམས་འགྱུར་ལས་ཚེ་སྲོག་གི་བྲོ་བ་སྐྱུར་མོ་ཞིག་མཚོན་པར་བྱས་ཡོད།
ས་བཅད་གསུམ་པར་སྙན་ངག་པས་རང་གི་ཁོར་ཡུག་གི་མིའམ་འཚོ་བའི་ཁྲོད་ཉེ་བར་བཅར་བའི་གནས་ཚུལ་དག་ལ་དྲིན་གཟོ་དང་། བདེ་སྐྱིད་ལ་རེ་བ། ལས་དབང་ལ་རྒོལ་བ་སོགས་བརྒྱུད་ནས་མ་འོངས་པའི་ཕུགས་འདུན་ཞིག་གི་གནས་སྟངས་བྲིས་ཡོད་ཅིང་། དེ་དག་གི་ཁྲོད་ནས《ཨ་ཅེ》དང《སྐྱེས་མའི་གནས་སྟངས》སོགས་ལས་བོད་ཀྱི་བུད་མེད་དག་གི་འཚོ་བའི་སྐྱིད་སྡུག་དང་། བུད་མེད་ཀྱི་ཁེ་དབང་། སྤྱི་ཚོགས་གོ་གནས་སོགས་བྲིས་ཏེ། ཤིན་ཏུ་ཉམ་ཆུང་གི་ལས་དབང་ལ་གདུང་སེམས་བཅངས་པ་མཚོན་པར་བྱས་ཡོད། དེ་དག་ནི་བསམ་བློ་ཞིག་གི་གཏིང་ཚད་ནས་བྲིས་ཤིང་འདུ་ཤེས་ཤིག་གི་ནང་རིམ་ནས་བྲིས་པ་ཡིན་པས། ཚིག་འགྲོས་སྤྱིའི་དངོས་བབ་ལས་གསལ་མཚོན་དུ་མི་སྣང་ནའང་། དེ་ནི་བདག་གིས་བཤད་འདོད་པའི་ལྕི་ཡང་གི་ཁོད་བརྗེས་པའམ། ཡང་མོ་ལས་ལྕི་མོ་མཚོན་པའི་ཐབས་རྩལ་དེ་ཡིན། འདི་སྒྱུ་རྩལ་གྱི་རིག་པ་ཞིག་ཅི་ལ་མིན་ཏེ། དེ་ནི“བསམ་གཞིག”དང“སྙན་ངག”ཏུ་འབྱམས་པའི་རིག་པ་ཞིག་རེད། སྒྲོ་སྤུ་བཞིན་ཡང་བའི་ཚིག་གི་སྟེགས་བུས་རི་རབ་བཞིན་ལྕི་བའི་དོན་གྱི་ཁྲི་འཕང་བཏེགས་པ་ཞིག་རེད།
ས་བཅད་བཞི་པར་སྙན་ངག་པས་རང་བྱུང་དང་སྒྱུ་རྩལ། རིག་གནས་དང་ལོ་རྒྱུས་སོགས་ལ་གཞིགས་པའི་གོ་རྟོགས་སམ། ལྟ་སྟངས་སམ། རྟོགས་སད་དམ། སྤོབས་པ་ཞིག་མངོན་པར་བྱས་ཡོད་དེ། དེ་ནི་སྤྱི་ཚོགས་དང་དུས་རབས་ཀྱིས་བསྩལ་པའི་འགན་འཁྲིའི་འདུ་ཤེས་དེ་ཡང་སྙན་ངག་གི་ཚིག་སྦྱོར་གཅིག་པུའི་སྟེང་དུ་མ་ཡིན་པར། ལོ་རྒྱུས་དང་མི་ཚེ་ལ་ལྟོས་པའི་བསམ་གཞིག་གི་ཁོད་ཡངས་པོ་ཞིག་ལ་སིམ་འདུག
མདོར་ན། མཚོ་ཡི་སྙན་དེབ་འདི་ལས་བདག་གིས་ཐུན་མོང་མིན་པ་གཉིས་མཐོང་སྟེ། གཅིག་ནི་མཚོ་ཡི་སྙན་ངག་གི་ཚིག་འགྲོས་ལ་བུད་མེད་ཀྱི་ཞིབ་ཚགས་རང་བཞིན་འབུར་དུ་ཐོན་པས། བརྗོད་བྱའི་ཤུགས་བསྟན་དག་ཀྱང་རི་མོའི་རྣམ་པས་ཡིད་ལ་འབྱོང་ཐུབ་པ་དང་། གཉིས་ནི་རྩོམ་པ་པོའི་གསར་རྩོམ་གྱི་ཉམས་འགྱུར་གཟབ་ནན་ཡིན་པས་ཟོག་ཟོབ་དང་ཚུལ་འཆོས་ཀྱི་ནད་མེད་འཁུན་སྒྲའི་རང་བཞིན་གྱི་བརྗོད་བྱ་གཙོ་ཆེར་དྲངས་པས་ཡིད་འགྱུར་ཤུགས་དྲག་ཡིན་པ་བཅས་སོ། །
(མཚོ་སྔོན་བོད་ཡིག་གསར་འགྱུར་ལས་བཤུས།)
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1