འབར་ཁམས་ཀྱིས་དབུལ་བྲལ་གནད་སྒྲོལ་བྱས་ནས་གྲུབ་འབྲས་མངོན་གསལ་ཐོབ་པ།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 04-14
འབར་ཁམས་གྲོང་ཁྱེར་ཀྱོམ་ཀྱོ་ཡུལ་ཚོའི་ཕུ་སྐོར་གྲོང་ཚོ་ནི་དཔྱིད་མགོ་མའི་ཉི་འོད་ཀྱི་གཟི་བྱིན་ཁྲོད་ན་འཛུམ་བཞིན་གདའ། གསར་འགོད་པ་གྲོང་ཚོ་དེར་འབྱོར་ཚེ་གསར་དུ་བསྐྲུན་པའི་གྲོང་ཚོའི་བྱ་འགུལ་ཁང་ཆེན་དུ་གྲོང་དམངས་ཀུན་གྱིས་ལུས་ལ་རྒྱན་གོས་ཀྱི་གཟབ་འཆོར་སྤྲས་ཤིང་། གདོང་ལ་སྨྲ་མི་ཤེས་པའི་འཛུམ་མདངས་རྒྱས་བཞིན་སྤྲོ་བས་ཡོངས་སུ་བརྟས་འདུག གྲོང་ཚོ་དེ་གས་འབད་འབུངས་ཀྱི་དྲིན་ལན་དང་། དབུལ་བྲལ་ཕྱུག་འགྱུར་བརྗོད་གཞིར་བཟུང་བའི་རིག་གནས་སྒྱུ་རྩལ་གྱི་བྱ་འགུལ་སྤེལ་གྱིན་འདུག བག་སྦྲོ་བའི་རྒྱལ་རོང་སྐོར་བྲོ་དང་ཡིད་སེམས་དབང་མེད་དྲངས་པའི་གླུ་གཞས་རེ་རེ་ནི། གྲོང་ཚོ་དེ་གར་དབུལ་བྲལ་གནད་སྒྲོལ་གྱི་ལས་དོན་སྤེལ་བ་ནས་བཟུང་མང་ཚོགས་ཀྱི་འཚོ་བར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་ཕྱིན་པའི་སྤྲོ་སེམས་དང་། ཏང་དང་སྲིད་གཞུང་ལ་ལྷག་བསམ་ཟོལ་མེད་ཀྱི་དྲིན་གཟོའི་སེམས་འདུན་མངོན།
རྒྱུས་ལོན་བྱས་པ་ལྟར་ན། ཀྱོམ་ཀྱོའི་ཡུལ་ཚོའི་ཕུ་སྐོར་གྲོང་ཚོ་ནི་འབར་ཁམས་གྲོང་ཁྱེར་གྱི་དབུལ་ཕོངས་གྲོང་ཚོ29པ་དེ་ཡིན་ལ། གྲོང་ཚོ་ཡོངས་ཀྱི་ཆ་སྙོམས་མཚོ་ངོས་ལས་མཐོ་ཚད་སྨི3000ཡིན་ལ། རང་བྱུང་གི་མཐུན་རྐྱེན་ཞན་པ་དང་། ས་ཞིང་ཉུང་ལ་ཐོན་ལས་ལས་རིགས་ཆིག་རྐྱང་ཡིན་པ། འགྲིམ་འགྲུལ་སྟབས་མི་བདེ་བས་རྐྱེན་གྱིས་དབུལ་བྲལ་གྱི་དཀའ་ཁག་ཤིན་ཏུ་ཆེ། ཕུ་སྐོར་གྲོང་ཚོའི་གྲོང་དམངས་རྣམས་དབུལ་ཕོངས་ལས་བྲལ་ཏེ་འབྱོར་འབྲིང་དུ་བསྐྱོད་ཆེད། གྲོང་ཁྱེར་དེ་གས་ཆེད་དམིགས་ཀྱིས་གྲོང་ཚོ་དེར་གྲོང་ཁྱེར་རིམ་པའི་དབུལ་སྐྱོར་འགོ་ཁྲིད་དང་ལས་ཁུངས། ཧྲུའུ་ཅི་དང་པོ། ཞིང་རྩལ་བ། གྲོང་ཨུ་གཉིས་སོགས་ཀྱི་གྲུབ་པའི་དབུལ་བྲལ་གནད་སྒྲོལ་གྱི་དཔུང་སྡེ་བཙུགས་ཤིང་། གཞན་ཡུལ་གྱི་དབུལ་བྲལ་གནད་སྒྲོལ་གྱི་ཉམས་མྱོང་དང་རང་ས་གནས་ཀྱི་དོན་དངོས་གནས་ཚུལ་གཞིར་བཟུང་ནས་དབུལ་བྲལ་གྱི་སྤྱིའི་འཐབ་ཇུས་ཇེ་ལེགས་སུ་བཏང་སྟེ། མང་ཚོགས་ཀྱི་སྣེ་ཁྲིད་ནས་ཕུ་རུང་དཔུང་རྩར་དེད་དེ་བཀའ་སྤྱད་སྡུག་རུས་དང་། གསར་གཏོད་འབད་འབུངས་བགྱི་བཞིན་ཡོད།
དབུལ་སྐྱོར་ལས་དོན་ཚན་ཆུང་གྲོང་ཚོའི་དུད་ཁྱིམ་རེ་རེར་ཕྱིན་ནས་ཕུ་སྐོར་གྲོང་ཚོའི་དུད་ཁྱིམ་སོ་སོའི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ། དབུལ་ཕོངས་དུད་ཁྱིམ10དང་དབུལ་ཕོངས་བ35ངོས་ཟིན་བྱུང་།
དབུལ་ཕོངས་ཀྱི་རྒྱུ་རྐྱེན་དང་འཕེལ་རྒྱས་ཀྱི་སེམས་འདུན། ཁྱིམ་གྱི་ཡོང་སྒོ་སོགས་ཟིན་ཐོར་ཕབ་ཅིང་ཡིག་བྱང་བཟོས། གྲོང་ཨུ་གཉིས་དང་། དབུལ་སྐྱོར་སྡེ་ཁག ཧྲུའུ་ཅི་དང་པོ་སོགས་ཀྱིས་ཐེངས་མང་པོར་འཚོགས་འདུ་བསྐོང་ཏེ་དབུལ་སྐྱོར་ལམ་ལུགས་དང་ལས་འགན་ལག་བསྟར་དོན་འཁྱོལ་ཡོང་བ་བྱས་ཏེ། བསླབ་པ་གཉིས་དང་འཁྱོངས་པ་གཅིག་གི་སློབ་གསོ་དང་། ཏང་ཡོན་ལས་བྱེད་པས་མང་ཚོགས་དབུལ་བྲལ་ཕྱུག་འགྱུར་ལ་སྣེ་ཁྲིད་ཀྱི་ནུས་པ་མཐོར་འདེགས་གཉིས་གཞི་གཅིག་ཏུ་བསྲེས་ཏེ། གྲོང་ཚོའི་རྒྱང་སྒྲོག་དང་། སྤྱི་བསྒྲགས་སྒེའུ། རོང་འབྲོག་མང་ཚོགས་ཀྱི་མཚན་ཚོགས། སྐད་འཕྲིན་སྤྱི་སྟེགས་སོགས་བརྒྱུད་དེ་དབུལ་བྲལ་གྱི་བརྗོད་གཞིར་དྲིལ་སྒྲོག་དང་། སློབ་སྦྱོང་བྱས་ཏེ་དབུལ་ཕོངས་པ་ཀུན་ལ་ཏང་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་དང་། དབུལ་བྲལ་གྱི་དོན་སྙིང་སོགས་ལ་ངོས་འཛིན་ཟབ་མོ་དང་། ཟས་རིགས་ཀྱི་བདེ་འཇགས་དང་འདེབས་འཛུགས་ལག་རྩལ་སོགས་ལ་རྒྱུས་ལོན་ཐོབ།
ཁྱིམ་བསྟུན་རོགས་སྐྱོར་ནི་དབུལ་བྲལ་གྱི་དོན་དངོས་དང་མཐུན་ཞིང་། ངལ་རྩོལ་ནུས་ཤུགས་ཉམས་པ་དང་དབང་བོ་སྐྱོན་ཅན་གྱི་དུད་ཁྱིམ་དབུལ་བོར་སྤྱི་ཚོགས་ཀྱི་རོགས་སྐྱོར་དང་སྤྱི་ཚོགས་ཀྱི་ཕན་ཁེ་མང་པོ་རྩོད་ལེན་བྱེད་ཐུབ་ལ། སྲིད་གཞུང་གིས་ཐོན་སྐྱེད་འཚོ་བར་འགན་ལེན་བྱེད་ངེས། དེ་མིན་ཚིགས་ལྦ་ནད་པ་དང་ནད་ལྕི་མོ་ཅན་གྱི་རིགས་ལ་སྨན་བཅོས་རོགས་སྐྱོར་དང་སྤྱི་ཚོགས་ཀྱི་རོགས་སྐྱོར་བྱེད་ལ། ངལ་རྩོལ་རིག་གནས་ཀྱི་བྱང་ཚད་དམའ་བའི་དུད་ཁྱིམ་དབུལ་བོར་གཡོས་སྦྱོར་ལག་རྩལ་དང་། ཞིང་ལས་ལག་རྩལ། གློག་ཚའི་ལག་རྩལ་སོགས་གསོ་སྦྱོང་བྱས་ཏེ་ཁེ་ལས་དང་རྣམ་གྲངས་འཛུགས་སྐྲུན། སྤྱི་ཕན་ལས་གནས་སོགས་སུ་བཀྲམས་ཏེ། ལག་རྩལ་ལ་བརྟེན་ནས་དབུལ་ཕོངས་ལས་ཡོངས་སུ་ཐར་བར་བྱས།
མཐོ་སའི་རི་ཁུལ་དུ་འཚམ་པའི་གླང་རྔ་དང་། སྲན་མའི་འདེབས་འཛུགས། ནོར་ནག་གསོ་སྤེལ་སོགས་ཀྱི་དབུལ་སྐྱོར་གྲོང་སྐྱོང་གི་རྣམ་གྲངས་བདམས་ཤིང་། ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་ལས་བྱེད་པས་མང་ཚོགས་ལ་སྣེ་ཁྲིད་དང་། མང་ཚོགས་ཕན་ཚུན་ལ་རོགས་རམ་བྱས་ཤིང་། ཞིང་རྩལ་བ་དང་ཕྱུགས་ཟོག་ཆེད་མཁས་པའི་མཛུབ་སྟོན་འོག་ཏུ་འདེབས་འཛུགས་དང་གསོ་སྤེལ་ཚད་ལྡན་དུ་བཏང་ཞིང་། ལག་རྩལ་དང་དོ་དམ། གཉེར་སྐྱོང་སོགས་ཀྱི་ནུས་པ་མཐོར་འདེགས་སུ་བཏང་། ལོ་གཅིག་རིང་གི་ལག་ལེན་ལ་གྲུབ་འབྲས་མི་དམན་པ་ཐོབ་སྟེ་མང་ཚོགས་དབུལ་བོ་ཚོའི་ཡོང་འབབ་གོང་མཐོར་ཕྱིན། ཁྱིམ་དུ་འཛོམས་དགོས་པ་བཞི(བཏུང་ཆུ། གློག བརྡ་འཕྲིན། ཁང་བ།)དང་གྲོང་ཚོར་འཛོམས་པ(རིག་གནས། སློབ་གསོ། འཕྲོད་བསྟེན། གཞུང་ལམ།)བཞིའི་གྲོང་ཡོངས་དབུལ་སྐྱོར་ལས་གྲྭ་ལག་བསྟར་བྱས།
མིག་སྔའི་བར་དུ་གྲོང་ཚོ་དེ་གའི་གྲོང་བསྐྱོད་གཞུང་ལམ་བསྐྲུན་ཚད་བརྒྱ་ཆ98དང་། ཉི་ནུས་ལམ་སྒྲོན14བཙུགས། ཆུ་ལ་རག་བསྐྲུན། གྲོང་དམངས་བྱ་འགུལ་ཁང་གི་རྒྱབ་ཕྱོགས་ཀྱི་གད་པར་བཟོ་བཅོས་བྱས། གྲོང་དམངས་བྱ་འགུལ་ཁང་གི་གཞི་རྒྱ་སྨི་གྲུ་བཞི་མ120ཇེ་ཆེར་བཏང་། བརྡ་རྟགས་ཁ་སྣོན་པང་ལེབ་བསྐྲུན། ཚད་ལྡན་ནོར་གནག་གསོ་སྤེལ་ཁང་དང་ཟུར་གནས་ཁང་བ་སྨི་གྲུ་བཞི་མ800ལྷག་བསྐྲུན། ནོར་གནག80ཉོས། སྲན་མ་མུའུ110བླངས། གླང་རྔའི་ཡོང་འབབ་སྒོར8000ལྷག་བྱུང་། ངལ་རྩོལ་ཕྱིར་གཏོང་ཚད་སྤྱིའི་ངལ་རྩོལ་ནུས་ཤུགས་ཀྱི་བརྒྱ་ཆ14ཟིན། སྨན་བཅོས་དང་སློབ་གསོས་གྲོང་ཚོ་ཡོངས་ཁེབས་པར་བྱས་ཤིང་། དབུལ་ཕོངས་ལས་ཐར་བའི་དུད་ཁྱིམ་གྱི་ཁ་གྲངས་ནི་རང་རེའི་ཞིང་ཆེན་གྱི་དབུལ་ཕོངས་དུད་ཁྱིམ་ལས་ཐར་བའི་ཚད་གཞིར་བསླེབས་ཤིང་། གོམ་སྟབས་བརྟན་པོའི་ངང་ནས་དབུལ་བྲལ་གྱི་ལམ་བུ་བསྐྱོད་དོ།།