ཁྲིམས་ལས་འགལ་ཏེ་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རི་སྐྱེས་རྩི་ཤིང་ཉོ་ཚོང་ལ་རྡུང་རྡེག་གཏོང་བའི་མཉམ་སྒུལ་ལམ་སྲོལ་དངོས་སུ་སྤྱོད་འགོ་ཚུགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། སྤེལ་དུས། 04-14


        ཉེ་ཆར། ཁྲིམས་ལས་འགལ་ཏེ་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རི་སྐྱེས་རྩི་ཤིང་ཉོ་ཚོང་ལ་རྡུང་རྡེག་གཏོང་བའི་པུའུ་དབར་གྱི་མཉམ་ཞུགས་ཚོགས་འདུ་ཐེངས་དང་པོ་པེ་ཅིང་དུ་འཚོགས་ཤིང་། ཁྲིམས་ལས་འགལ་ཏེ་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་ཉོ་ཚོང་ལ་རྡུང་རྡེག་གཏོང་བའི་སྡེ་ཚན་དབར་གྱི་མཉམ་སྒུལ་ལམ་སྲོལ་དངོས་སུ་སྤྱོད་འགོ་ཚུགས་པ་མཚོན་པ་རེད།
        ཚོགས་འདུའི་ཐོག་2017ལོའི་ཕྱོགས་བཞིའི་ཐད་ཀྱི་གཙོ་གནད་ལས་དོན་23གཏན་འཁེལ་བྱས་པའི་ནང《རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱ་ཡུལ་གྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་མིང་གཞུང》ལེགས་སྒྲིག་བྱེད་མགྱོགས་སུ་གཏོང་རྒྱུ་དང་། 《ཁྲིམས་ལས་འགལ་ཏེ་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རི་སྐྱེས་རྩི་ཤིང་ཉོ་ཚོང་ལ་རྡུང་རྡེག་གཏོང་བའི་བྱ་སྤྱོད་འཆར་གཞི》བཟོ་རྒྱུ། བདག་ཏུ་མ་བཟུང་བའི་སྲོག་ཆགས་གང་བྱུང་དུ་འཛིན་པ་དང་རྔོན་རྒྱག་པ་ཟ་བ་བཅས་དང་། བ་སོ་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རི་སྐྱེས་རྩི་ཤིང་གི་ཐོན་རྫས་ལྐོག་ཚོང་དང་ཁྲིམས་འགལ་ཚོང་གཉེར་བྱེད་པ། བདག་ཏུ་མ་བཟུང་བའི་སྲོག་ཆགས་རྒྱུད་སྤེལ་དང་འགྲེམས་སྟོན་བྱེད་སྒོ་ཚད་དང་མ་མཐུན་པ་བཅས་མངོན་གསལ་དོད་པའི་གནད་དོན་གསུམ་ཕྱོགས་བསྡུས་བཅོས་སྒྲིག་བྱ་རྒྱུ་སོགས་ཚུད་ཡོད་པ་རེད།
        རང་རྒྱལ་གྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རི་སྐྱེས་རྩི་ཤིང་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་རིམ་བཞིན་འཐུས་ཚང་དུ་འགྲོ་བཞིན་ཡོད་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་གྱིས་གཙོས་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་འཚོ་སྡོད་བྱ་ཡུལ་དང་རི་སྐྱེས་རྩི་ཤིང་འཚར་སྐྱེ་བྱ་ཡུལ་སྲུང་སྐྱོང་གི་མ་ལག་རིམ་བཞིན་ཁྱབ་རྒྱ་ཆེ་རུ་འགྲོ་བ་དང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རི་སྐྱེས་རྩི་ཤིང་མྱུར་སྐྱོབ་རྒྱུད་སྤེལ་ལ་གྲུབ་འབྲས་བཟང་པོ་ཐོབ་པ། ཁྲིམས་འཛིན་ལྟ་སྐུལ་དོ་དམ་བྱ་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ། དོམ་ཁྲ་དང་། བྱང་ཤར་སྟག ཨེ་ཤེ་ཡའི་གླང་ཆེན། འབྲི་ཆུའི་ཉ་ཆེན་རྨིགས་པ་སོགས་རྩ་ཆེ་ལ་སྟོངས་ཉེའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རི་སྐྱེས་རྩི་ཤིང་རྒྱུན་མཐུད་ཉུང་དུ་འགྲོ་བའི་རྣམ་པར་འགྱུར་ལྡོག་བྱུང་ནས་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་བཟང་པོ་མངོན་པ་མ་ཟད། ཁོང་ཚོའི་འཚོ་སྡོད་ཁོར་ཡུག་ཀྱང་ཟམ་མི་ཆད་པར་ལེགས་སུ་འགྲོ་བཞིན་ཡོད་པ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོའི་ཟླ་11ཚེས་15ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྡེ་ཚན་དབར་གྱི་མཐུན་སྦྱོར་ཁྲིམས་འཛིན་གྱི་ཕུགས་ཕན་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་ཆེད། “ཁྲིམས་ལས་འགལ་ཏེ་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རི་སྐྱེས་རྩི་ཤིང་ཉོ་ཚོང་བྱེད་པར་རྡུང་རྡེག་གཏོང་བའི་པུའུ་དབར་གྱི་མཉམ་ཞུགས་ཚོགས་འདུའི་ལམ་ལུགས”འཛུགས་ཆོག་པའི་ཆོག་མཆན་གནང་ཡོད། པུའུ་དབར་གྱི་མཉམ་ཞུགས་ཚོགས་འདུའི་ལམ་ལུགས་ནི་རྒྱལ་ཁབ་ནགས་ལས་ཅུས་ཀྱིས་སྣེ་འཁྲིད་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། འགག་སྒོ་སྤྱི་ཁྱབ་ཧྲུའུ། ལྕགས་ལམ་སྤྱི་ཁྱབ་ཀུང་སི་བཅས་སྡེ་ཚན་22ལས་གྲུབ་པ་ཞིག་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1