༄༅།། བསླབ་བྱ་བདུད་རྩིའི་ཡང་ཞུན་ཞེས་བྱ་བ་བཞུགས་སོ།།
ལྕང་སྐྱ་རོལ་པའི་རྡོ་རྗེ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-17
ལྕང་སྐྱ་རོལ་པའི་རྡོ་རྗེ།
ན་མོ་གུ་རུ་བཛྲ་དྷ་ར་ཡ།
མཆོག་གསུམ་ཀུན་འདུས་དྲིན་ཅན་བླ་མ་ལ།།
རྩེ་གཅིག་ཡིད་ཀྱི་གུས་པས་བཏུད་བྱས་ཏེ།།
དམ་པ་རྣམས་ཀྱི་གསུང་གི་སྙིང་པོའི་དོན།།
གཞེན་བསྐུལ་བསླབ་བྱ་མདོ་ཙམ་བྲི་བར་བྱ།།
རྒྱལ་བའི་གསུང་རབ་དགོངས་འགྲེལ་བཅས་པ་ཀུན།།
གདུལ་བྱའི་སེམས་རྒྱུད་འཆོས་པའི་ཐབས་ཡིན་པས།།
དེ་དག་ལས་ལྷག་གདམས་ངག་བསླབ་བྱ་ནི།།
བློ་དང་ལྡན་པ་སུ་ཡིས་གང་ནས་རྙེད།།
ཁྱད་པར་སྙིང་ནས་ཆོས་བཞིན་བྱ་འདོད་ན།།
བཀའ་གདམས་གོང་མའི་གསུང་ལས་བྱུང་བ་བཞིན།།
ཚེ་འདི་བློས་བཏང་བུད་བསྙེགས་ཐོབ་གསུམ་སོགས།།
ངེས་པར་དགོས་མོད་དེ་ཙམ་མ་བྱུང་ཡང་།།
འདི་དང་ཕྱི་མ་གཉིས་ལས་ཕྱི་མ་གཙོ།།
ཆོས་དང་འཇིག་རྟེན་གཉིས་ལས་དམ་ཆོས་གཙོ།།
བཤད་དང་སྒྲུབ་པ་གཉིས་ལས་སྒྲུབ་པ་གཙོ།།
སྙམ་པའི་བློ་གདེང་འཆའ་བ་གནད་དུ་ཆེ།།
མིང་དང་སྙན་གྲགས་འཁོར་དང་དལ་འབྱོར་སོགས།།
ལྟ་ཅི་དམ་ཆོས་ཐོས་བསམ་སྒོམ་པ་ཡང་།།
ཚེ་འདིའི་ཆེད་དུ་བྱེད་པའི་བློས་བསླང་ན།།
ཕལ་ཆེར་ངན་འགྲོའི་རྒྱུ་རུ་འགྱུར་བར་གསུངས།།
དེ་ཕྱིར་ཚེ་འདི་ཇི་ལྟར་བྱས་ཀྱང་ཕྱིད།།
ཕྱི་མའི་ལམ་རྒྱགས་ཚགས་སུ་མ་ཆུད་ན།།
དེ་རིང་ཙམ་ཡང་གར་འགྲོ་ཆ་མེད་པ།།
ཡང་ཡང་བསམས་ནས་བློ་སྣ་སྐྱུངས་པ་གཅེས།།
ལས་དབང་བཙན་པོ་སུས་ཀྱང་བཟློག་ཏུ་མེད།།
འདི་སྣང་མནོ་བསམ་ཐོག་ཏུ་ཁེལ་བར་དཀའ།།
སྐྱབས་ལ་བློ་གཏད་ལས་ཀྱིས་གར་ཕྲད་པ།།
བདག་གིར་བྱ་ཞིང་ཆོས་སུ་འཁྱེར་བ་ལ།།
ཁེ་ཉེན་སྐྱིད་སྡུག་འདམ་ཀའི་དབང་ཡོད་དུས།།
གཏན་གྱི་འདུན་མ་བསྒྲུབ་ལ་མི་འབད་ན།།
འཆི་བདག་ཕོ་ཉས་ཟིན་པར་གྱུར་པའི་ཚེ།།
རང་གི་རང་ལ་ཞེ་ཁྲེལ་འགྱོད་ཀྱང་འཕྱིས།།
ཆོས་ཀྱི་རྩ་བ་བླ་མའི་དམ་ཚིག་ཡིན།།
ཆོས་ཀྱི་བསྐུལ་མ་འཆི་བ་རྗེས་དྲན་ཡིན།།
ཆོས་ཀྱི་སྙིང་པོ་ངེས་འབྱུང་བྱང་སེམས་ཡིན།།
ཆོས་ཀྱི་མཐར་ཐུག་ངེས་དོན་དབུ་མ་ཡིན།།
ས་ལམ་རྟོགས་པ་མཆོག་དམན་མ་ལུས་པ།།
གཞན་ཕན་བསམ་པ་རྒྱ་ཆེ་རྒྱ་ཆུང་དང་།།
གནས་ལུགས་རྟོགས་པ་ཕུལ་ཆེ་ཕུལ་ཆུང་བའི།།
སྒོ་ནས་འཇོག་ཕྱིར་དོན་དེ་སེམས་པ་གཅེས།།
བླ་མ་གྲོགས་དང་ཆོས་ལ་དག་སྣང་སྦྱོངས།།
ང་རྒྱལ་ཁོང་ཁྲོ་ལོག་ལྟ་གཉེན་པོས་གཞོམ།།
དམན་ས་གཙོར་བཟུང་འདི་སྣང་འདུན་མ་སྐྱུངས།།
རྐྱེན་ངན་ལམ་དུ་འཁྱེར་བ་ཆོས་པའི་མཆོག །
རྐྱེན་ངན་འཕྲད་དུས་ཆོས་ཀྱིས་མ་ཕན་ན།།
འགྲངས་སྐྱིད་ཆོས་པའི་གཟུགས་བརྙན་ཡ་མ་བརླ།།
དེ་ཕྱིར་རྐྱེན་ངན་ཕྲ་མོ་ནས་བཟུང་སྟེ།།
རིམ་གྱིས་ལམ་དུ་སློང་བའི་སྟོབས་བསྐྱེད་བྱ།།
བསྟན་དང་འགྲོ་ལ་ཕན་པའི་བྱ་བ་ནི།།
ཤིན་ཏུ་ཆུང་ཡང་སྲོག་དང་བསྡོས་ཏེ་སྒྲུབས།།
རང་དོན་ཚེ་འདིའི་འདུན་མ་མནོག་ཆེ་ལྟར།།
སྣང་ཡང་མཆིལ་མའི་ཐལ་བ་བཞིན་དུ་སྤོངས།།
རང་ཉིད་རྟོགས་པ་མཐོ་ཡང་རློམ་སེམས་སྤོངས།།
གཞན་གྱི་ཡོན་ཏན་ཕྲ་ཡང་ཡི་རང་བསྐྱེད།།
མཐོ་མཉམ་དམའ་ལ་གུས་དགའི་བརྩེ་བ་ཡིས།།
རྟག་ཏུ་གཤིས་བཟང་བསྟེན་པ་གནད་དུ་ཆེ།།
རང་དོན་ཁབ་རྩེ་ཙམ་ཡང་འབད་པས་གཞོམ།།
གཞན་དོན་རི་ལྟར་ཆེ་ཡང་བྱམས་བརྩེས་སྐྱོངས།།
ཀུན་ཏུ་རང་རྒྱུད་འདུལ་བར་འབད་བྱས་ན།།
ཆོས་ཀྱི་རྟོགས་པ་སྐྱེ་བ་མི་རིང་ཉེ།།
ཁེ་རྒྱལ་བདེ་དགེ་མཐའ་དག་གཞན་ལ་འབུལ།།
ཕམ་གྱོང་སྡིག་སྡུག་མཐའ་དག་རང་ལ་ལེན།།
གཞན་དོན་ཁོ་ནའི་ཆེད་དུ་རྫོགས་བྱང་སྒྲུབས།།
སེམས་དེ་སྐྱེ་ཕྱིར་བསག་སྦྱང་གཉིས་ལ་འབད།།
སངས་རྒྱས་ལས་ཀྱང་དཀོན་པའི་རྡོ་རྗེ་ཐེག།
དངོས་གྲུབ་གཉིས་ཀྱི་གཏེར་གྱུར་གང་དེ་ལ།།
ཅི་ཡོད་རྩལ་གྱིས་བག་ཆགས་འཇོག་པའི་ཕྱིར།།
སྒོ་གསུམ་འབད་པ་དྲག་པོས་བསྟེན་པ་གཅེས།།
སྤྱི་བོར་བླ་མ་སྙིང་ཁར་ལྷ་བསྒོམས་ནས།།
སྣོད་བཅུད་མ་ལུས་ཡེ་ཤེས་རོལ་པར་བལྟ།།
ལས་རླུང་ངྷུ་ཏིར་འགོག་པའི་ཕྱི་ནང་ཐབས།།
བསྲེ་བ་རྣམ་དགུའི་གནད་དང་སྦྱར་ནས་སྐྱོངས།།
མདོར་ན་བློ་བཟང་རྒྱལ་བའི་ལེགས་བཤད་ཀུན།།
རྒྱུད་ལ་བསྐོར་ཏེ་ཡང་ཡང་སེམས་བྱས་ན།།
གཏན་གྱི་འདུན་མ་ལག་རྩེར་ཐོབ་དང་འདྲ།།
དེ་བས་རྣམ་པ་ཀུན་ཏུ་འདི་ལ་འབད།།
སྔོན་བྱོན་རིས་མེད་དམ་པའི་གསུང་རབ་ཀྱང་།།
ཕྱོགས་སུ་མ་ལྷུང་ཡིད་ཀྱིས་མང་བལྟས་ན།།
རང་རེའི་ལུགས་ལ་འབོགས་དོན་མཆོག་ཡིན་པས།།
ལེགས་ཆ་མ་ལུས་བསྡུས་ལ་ཉམས་སུ་ལོངས།།
དབེན་པའི་གནས་སུ་སྒྲུབ་པའི་རྒྱལ་མཚན་ཆེ།།
འཛིན་པར་ནུས་ཕྱིར་ལྷ་དང་བླ་མ་ལ།།
སྙིང་ནས་གསོལ་འདེབས་སྡིག་དང་མ་འདྲེས་པའི།།
ཆོས་ཤིག་བསྒྲུབས་ན་སྐྱེས་བུའི་ཡང་རབས་ཡིན།།
དེ་ལྟར་ཁོ་བོས་གདམས་པའི་ལེགས་བཤད་འདི།།
སྙིང་གི་ཟ་མ་ཏོག་ཏུ་བསྲེལ་བྱས་ནས།།
ཐར་དང་ཐམས་ཅད་མཁྱེན་པའི་དགའ་སྟོན་གྱིས།།
རང་གཞན་དོན་ཀུན་ལྷུན་གྱིས་འགྲུབ་པར་མཛོད།།
དེ་ལྟར་གཏམ་འདི་བསྙད་པའི་དགེ་བ་ཡིས།།
རྒྱལ་བསྟན་དྲི་མེད་ཡུན་རིང་གནས་པ་དང་།།
འགྲོ་བ་ཀུན་ཀྱང་འཁྲུལ་མེད་ལམ་བཟང་གིས།།
ཀུན་མཁྱེན་གོ་འཕང་མྱུར་དུ་འཐོབ་གྱུར་ཅིག།
ཅེས་བསླབ་བྱ་བདུད་རྩིའི་ཡང་ཞུན་ཞེས་བྱ་བ་འདི་ཡང་རང་གི་སློབ་མ་གཞུང་བརྒྱ་སྨྲ་བའི་དབང་པོ་ཛ་སག་བླ་མ་བསྐལ་བཟང་ལྷ་དབང་གིས་བསྐུལ་བའི་ངོར༧ལྕང་སྐྱ་རོལ་པའི་རྡོ་རྗེས་དབེན་གནས་གསང་སྔགས་བདེ་ཆེན་ཕོ་བྲང་དུ་སྦྱར་བའི་ཡིི་གེ་པ་ནི་དཔྱོད་ལྡན་དགེ་སློང་དགེ་ལེགས་ནམ་མཁས་བགྱིས་པ་དགེ་ལེགས་འཕེལ། །བཀྲ་ཤིས།།
མཆན་འགྲེལ།
※བསླབ་བྱ་འདི་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བཏབ་པའི《 ལྕང་སྐྱ་རོལ་པའི་རྡོ་རྗེའི་གསུང་འབུམ》 ལས་ཁོལ་དུ་ཕྱུང་།
མཛད་པ་པོ་མཚམས་སྦྱོར་ཞུས་པ་མདོར་བསྡུས།
པད་མ་དོན་གྲུབ་ཀྱིས་བྲིས།
ལྕང་སྐྱ་སྐུ་ཕྲེང་གསུམ་པ་རོལ་པའི་རྡོ་རྗེ་ནི། ཡུལ་ཆེན་པོ་ཙོང་ཁའི་བྱང་ཕྱོགས་ལང་གྲུ་སྡེ་བཞིར་གྲགས་པའི་ནང་ཚན་ནུབ་པདྨོའི་སྡེའི་ཆར་གཏོགས་པའི་འབྲོག་གནས་བྲག་དཀར་ཟེར་བའི་ལུང་བར། ཡབ་ཆི་ཀྱཱ་ཚངས་པ་གུ་རུ་བསྟན་འཛིན་དང་ཡུམ་བུ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་མེ་བྱ(སྤྱི་ལོ1717)ལོར་སྐུ་བལྟམས། དགུང་ལོ་བཞི་པ་ལྕགས་བྱི(སྤྱི་ལོ1720)ལོར་འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོ་ངག་དབང་བརྩོན་འགྲུས་མཆོག་གིས་ལྕང་སྐྱ་བློ་བཟང་ཆོས་ལྡན་གྱི་སྤྲུལ་སྐུར་ངོས་འཛིན་གནང་སྟེ། ཆོས་སྡེ་ཆེན་མོ་དགོན་ལུང་བྱམས་པ་གླིང་གི་ལྕང་སྐྱ་བླ་བྲང་དུ་གདན་དྲངས། ཆུ་བཟང་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་དྲུང་དུ་སྐྲ་ཕུད་ཕུལ་ཏེ་མཚན་ངག་དབང་ཆོས་ཀྱི་གྲགས་པ་བསྟན་པའི་རྒྱལ་མཚན་དཔལ་བཟང་བོར་གསོལ། དགུང་ལོ་བདུན་པ་ཆུ་ཡོས(སྤྱི་ལོ1723)ལོར་རྗེ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་དྲུང་དུ་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་དང་བར་མའི་ཚུལ་ཁྲིམས་ལེགས་པར་བཞེས། དགུང་ལོ་བརྒྱད་པ་ཤིང་འབྲུག(སྤྱི་ལོ1724)ལོར་མཚོ་སྔོན་གྱི་དཔོན་པོ་བསྟན་འཛིན་ཆིན་ཝང་གིས་བསླངས་པའི་དུས་ཟིང་ཞི་འཇགས་ཁྲོད་སྤྲུལ་བའི་སྐུར་ཉེ་ཞོ་འབྱུང་དོགས་ཀྱིས་གོང་མས་པེ་ཅིན་ནས་གསེར་ཡིག་པ་རིངས་སྟབས་ཀྱིས་བཏང་སྟེ། གསེར་གྱི་རྒྱལ་ཁབ་ཆེན་པོར་གདན་དྲངས་ཏེ་ཟུང་གྲུ་ཟི་དགོན་པར་སྐུ་གོང་མའི་ཆོས་ཀྱི་རྒྱལ་ཁྲིར་བཀོད། དེ་ནས་རྗེ་ཁྲི་ཆེན་མཆོག་སྤྲུལ་བློ་བཟང་བསྟན་པའི་ཉི་མ་དང་། དཀའ་ཆེན་ཤེས་རབ་དར་རྒྱས། ཨ་རྩེ་ཆོས་རྗེ་བློ་བཟང་ཆོས་འཛིན་བཅས་སློབ་དཔོན་དུ་མ་བསྟེན་ནས་རྒྱན་དྲུག་མཆོག་གཉིས་ཀྱི་གཞུང་ཆེན་རྣམས་ཀྱིས་གཙོས། མདོ་སྔགས་ཀྱི་གཞུང་ཆེན་མོ་ཀུན་ལ་གསན་སྦྱོང་ལེགས་པར་མཛད། དགུང་ལོ་དགུ་པའི་སྐབས་བྱང་ཆུབ་ལམ་གྱི་རིམ་པའི་དམིགས་རྣམ་གསོལ་འདེབས་ཚིགས་བཅད་མ་ལྗགས་རྩོམ་གྱི་ཐོག་མར་མཛད། དགུང་ལོ་བཅུ་གཅིག་པའི་དུས་ནས་སྐྱབས་འགྲོའི་ཁྲིད་དང་། དབང་ཆེན་གྱི་རིགས་མ་གཏོགས་གང་ཞུས་ཅི་དགར་བསྩལ། དགུང་ལོ་བཅུ་བདུན་ནས་གཞུང་ལུགས་ལ་སྦྱངས་པའི་རྩོད་པར་ཞུགས་ནས་རྒོལ་པའི་སྤོབས་པ་འཇོམས་པར་མཛད། གོང་མས་རྗེ་འདི་ལ་བསྔགས་བརྗོད་གསེར་གྱི་བཀའ་ལུང་དང་བཅས་སྐུ་གོང་མའི་དུས་བཞིན་བཀྭན་ཏིང་ཕུའུ་ཤན་བཀྭང་ཆི་ཏཱ་གཽ་ཤྲི་ཞེས་བོད་སྐད་དུ་བྱམས་བརྩེས་འགྲོ་བ་ཡོངས་ཀྱི་སྤྱི་བོ་ནས་དབང་བསྐུར་པའི་ཀུན་མཁྱེན་བླ་མ་ཆེན་པོ་ཞེས་པའི་མཚན་གྱིས་གཟེངས་བསྟོད་དང་གསེར་སྲང་བརྒྱད་ཅུ་ལས་གྲུབ་པའི་ཐམ་ག བསྔགས་བརྗོད་ཀྱི་གསེར་ཡིག་བཅས་ཕུལ། ཤིང་ཕོ་སྟག་གི(སྤྱི་ལོ1734)ལོར་གོང་མའི་བཀའ་བཞིན་སྐྱབས་མཆོག་སྐལ་བཟང་རྒྱ་མཚོ་མགར་ཐར་ནས་དབུས་སུ་གདན་འདྲེན་པར་ཕེབས། སྐྱབས་མཆོག་དེ་དང་ཁྲི་ངག་དབང་མཆོག་ལྡན་ཡབ་སྲས་ལས་རི་བོ་དགེ་ལྡན་པའི་སྙན་བརྒྱུད་ཀྱི་གདམས་པ་ཡོངས་རྫོགས་གསན། མེ་འབྲུག(སྤྱི་ལོ1736)ལོའི་ཟླ་བཅུ་པར་གཙང་དུ་པཎ་ཆེན་བློ་བཟང་ཡེ་ཤེས་ལས་དགེ་ཚུལ་སློང་གི་སྡོམ་པ་མནོས། མཚན་ཡེ་ཤེས་བསྟན་པའི་སྒྲོན་མེ་དཔལ་བཟང་བོ་ཞེས་གནང་། ལོ་དེར་རྒྱ་ནག་པེ་ཅིན་དུ་ཕེབས་ནས་གོང་མ་ཆན་ལུང་དང་མཇལ། གོང་མ་ཆན་ལུང་ལ་ཐོག་མར་སྐྱབས་འགྲོའི་ཁྲིད་མདོར་བསྡུས་དང་། བོད་ཡིག་གཟབ་གཤར་གྱི་འབྲི་ཀློག དག་ཡིག བྱང་ཆུབ་ལམ་རིམ། བདེ་མཆོག་དྲིལ་བུ་ལྷ་ལྔའི་དབང་བཅས་རིམ་པར་གནང་། དགུང་ལོ་ཉེར་ལྔ་པ་ལྕགས་བྱ(སྤྱི་ལོ1741)ལོའི་ཟླ་བཅུ་པའི་ཚེས་ཤར་ནས་རྒྱལ་བའི་བཀའི་དགོངས་འགྲེལ་གྱི་བསྟན་བཅོས་འགྱུར་རོ་ཅོག་ལོ་ཙཱ་པ་དུ་མ་དང་མཉམ་དུ་སོག་སྐད་དུ་སྒྱུར་མགོ་ཚུགས། ཕྱི་ལོའི་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན་ཡོངས་སུ་གྲུབ་སྟེ་པར་ཕུད་རྒྱལ་མཆོག་བདུན་པ་ཆེན་པོར་ཕུལ། ཤིང་ཕོ་བྱི་བའི(སྤྱི་ལོ1744)ལོར་གོང་མའི་ཐུགས་འདུན་ལྟར་རྒྱལ་པོའི་ཁབ་ཀྱི་ཉེ་སར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཆད་ཉན་བྱེད་པའི་དགོན་སྡེ་དགའ་ལྡན་བྱིན་ཆགས་གླིང་བཏབ། རབ་བྱུང་བཅུ་གསུམ་པའི་ས་སྦྲུལ(སྤྱི་ལོ1749)ལོར་རང་ཡུལ་མདོ་སྨད་དུ་ཕེབས་ཅིང་། ཟབ་ཆོས་བདུད་རྩིའི་གྲུ་ཆར་ཕབ་སྟེ་འགྲོ་དོན་རྒྱ་ཆེར་མཛད། འཇམ་དབྱངས་བཞད་པའི་རྡོ་རྗེའི་སྤྲུལ་པའི་སྐུར་བསྙེན་རྫོགས་དགེ་སློང་གི་དངོས་པོ་བསྒྲུབས་ཏེ་མཚན་དཀོན་མཆོག་འཇིགས་མེད་དབང་བོ་ཞེས་གསོལ། ལོ་དེའི་ཟླ་བ་བརྒྱད་པར་པེ་ཅིན་དུ་བྱོན་ནས་བོད་ལུགས་ཀྱི་དགོན་པ་མང་བོ་གསར་དུ་བཞེངས། དགུང་ལོ་ཞེ་གཅིག་པར་སླར་དབུས་སུ་ཕེབས། གོང་ས་འཇམ་དཔལ་རྒྱ་མཚོ་རྒྱལ་བའི་སྤྲུལ་སྐུར་ངོས་བཟུང་། ཤིང་ཕོ་སྤྲེལ་གྱི(སྤྱི་ལོ1764)ལོར་དགོན་ལུང་གི་ཁྲི་པ་མཛད་ནས་ཚད་མ་རྣམ་འགྲེལ་གྱི་འཛིན་གྲྭ་གསར་དུ་བཙུགས། དགུང་ལོ་ང་གཅིག་པར་ཁྲི་པ་དགོངས་ཞུ་གནང་སྟེ་སྐུ་ཚབ་ཏུ་གཞུང་བརྒྱ་སྨྲ་བའི་དབང་བོ་ཛ་སག་བླ་མ་བསྐལ་བཟང་ལྷ་དབང་བསྐོ་བཞག་མཛད། མེ་མོ་ཕག་གི(སྤྱི་ལོ1767)ལོར་རི་བོ་རྩེ་ལྔར་ཕེབས་ནས་ཨེ་ཝཾ་དགའ་འཁྱིལ་ཞེས་པའི་སྒྲུབ་ཁང་བཏབ།དགུང་ལོ་ང་ལྔར་ཕེབས་པ་ལྕགས་མོ་ཡོས་ཀྱི(སྤྱི་ལོ1771)ལོར་གོང་མའི་ངོ་སྐུལ་ལྟར་བཀའ་འགྱུར་ཆེན་མོ་མན་ཇུའི་སྐད་དུ་བསྒྱུར་པ་དང་། ད་དུང་དཔའ་བར་འགྲོ་བའི་མདོ་ཞེས་བྱ་བ་བོད་དུ་མ་འགྱུར་བ་ཞིག་རྒྱའི་བཀའ་འགྱུར་ཁྲོད་ན་ཡོད་པ་གོང་མའི་བཀའ་ལྟར་བོད་དུ་བསྒྱུར།
བདག་ཉིད་ཆེན་པོ་འདིའི་གསུང་ལས་སྐྱེས་པའི་སློབ་མ་ལ་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་དང་། ཛ་སག་བླ་མ་བསྐལ་བཟང་ལྷ་དབང་། མཚན་སྒྲོགས་མཁན་པོ་བློ་བཟང་དར་རྒྱས་སོགས་བསྟན་འཛིན་གྱི་སྐྱེས་བུ་མང་དུ་ཡོད། གསུང་རྩོམ་ལ《རྒྱལ་དབང་ཐམས་ཅད་མཁྱེན་པ་བསྐལ་བཟང་རྒྱ་མཚོའི་རྣམ་ཐར་དཔག་བསམ་རིན་པོ་ཆེའི་སྙེ་མ》དང《གྲུབ་མཐའི་རྣམ་གཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན》 《 དག་ཡིག་མཁས་པའི་འབྱུང་གནས》 《 བྱང་ཆུབ་ལམ་གྱི་སྒྲོན་མའི་ས་བཅད་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་བཤད་པ་ཐེག་ཆེན་འཇུག་སྒོ》 《 གསང་འདུས་བསྙེན་ཡིག་དངོས་གྲུབ་བདུད་རྩིའི་བུམ་བཟང》སོགས་པོ་ཏི་དགུ་ཙམ་བཞུགས། མཐར་དགུང་གྲངས་བདུན་ཅུར་ཕེབས་པ་རབ་བྱུང་བཅུ་གསུམ་པའི་མེ་ཕོ་རྟ་ཡི(སྤྱི་ལོ1786)ལོའི་ས་ག་ཟླ་བའི་ཚེས་གཉིས་ལ་རི་བོ་རྩེ་ལྔའི་ཨེ་ཝཾ་དགའ་འཁྱིལ་དུ་དགོངས་པ་གཞན་དོན་དུ་གཤེགས།
《སྦྲང་ཆར།》ལས་བཤུས།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1