སྐལ་བཟང་མཚོས་བསྒྱུར་སྒྲིག་བྱས།
བརྒྱུད་འཚོང་གི་མདུང་ཁ་སྐད་འཕྲིན་གྱི་གྲོགས་ཚོམས་སུ་གཏད་པ།
སྤྱི་ཕན་དགེ་ལས་ལ་ཁ་གཡར་ནས་མི་དར་མ་དང་རྒན་པ་དག་ལ་མིང་དུ“སྐར་ལྔའི་གསེར་སྒོར”ཟེར་བ་ཞིག་ཉོ་རུ་བཅུག་སྟེ། ལོ་གསུམ་གྱི་རྗེས་སུ་ད་ལྟ་རིན་གོང་ལ་སྒོར5000ཡིན་པའི་གསེར་སྒོར་གཅིག་ནི་རིན་ཐང་འཕོས་ནས་སྒོར་ཁྲི410ལ་བསླེབ་ཐུབ་པར་བཤད། ཉེ་ལམ། སྐུ་ཞབས་ཀང་གི་ཨ་མ“སྐར་ལྔའི་གསེར་སྒོར”ཉོ་བའི་གྲས་སུ་ཞུགས་པར་མ་ཟད། ཁོའང་ཡོང་སྒོ་འདི་བཙལ་བའི་བྱ་འགུལ་གྱི་གྲས་སུ་ཞུགས་པའི་རེ་བ་བཏོན་པ་རེད།
བརྒྱུད་འཚོང་བྱ་བར་ཞུགས་པའི་ལོ་རྒན་དྲུག་ཅུའི་ཨ་མ།
སྐུ་ཞབས་ཀང་གི་ཨ་མ་ད་ལོར་ལོ་དྲུག་ཅུ་ཡིན་ཞིང་། ཁོ་རང་ནམ་རྒྱུན་བྲེལ་ཟིང་གི་བྱ་བའི་དབང་གིས་གཟའ་འཁོར་གཉིས་རེའི་ནང་དུ་ཡུལ་ལ་ཐེངས་གཅིག་སོང་ནས་མོ་ལ་འདུག་རོགས་བྱེད་པ་མ་གཏོགས་དུས་རྒྱུན་མཉམ་འདུག་བྱེད་ཁོམ་མེད། ཁོས་གསར་འགོད་པར་བཤད་རྒྱུར། ཐེངས་དང་པོར་མོ་རང་རྒྱུན་ལྡན་མིན་པ་ཚོར་དུས་ནི། ད་ལོའི་ཟླ་གཉིས་པའི་ཟླ་དཀྱིལ་ཡིན་ཞིང་། ཉིན་རེའི་དགོང་མོའི་ཆུ་ཚོད11སྟེང་དུ། ཨ་མས་སྐད་འཕྲིན་བརྒྱུད་དེ་ཁོ་ལ་ནང་དོན་ནི་དགེ་ལས་དང་སྤྱི་ཕན་སོགས་ཀྱི་མ་དངུལ་འཇོག་པའི་ཚད་མཐོ་བའི་ཁེ་སྤོགས་ཕྱིར་ལེན་པའི་རྩོམ་ཡིག་སོགས་བསྐུར་ཡོང་བ་རེད། ཐེངས་དུ་མར་ཁོ་རང་ཡུལ་དུ་ལོག་དུས། རྒྱུན་པར་སྐད་འཕྲིན་རྩེད་རྒྱུར་མི་དགའ་བའི་ཨ་མས་སྐད་འཕྲིན་གྱི་ཨང་གྲངས་འགའ་གསར་ཏུ་བཟོས་ཏེ་བཤད་རྒྱུར། མ་དངུལ་འཇོག་སྤྱད་དུ་བཟོས་པ་ཡིན་ཟེར།
སྐུ་ཞབས་ཀང་གིས་རྩད་འདྲི་བྱས་མཐར། ཨ་མས་ཉིན་འགའི་སྔོན་དུ་མིང་ལ་ཀྲང་ཅཱན་ཟེར་བ་ཞིག་གིས་རྩ་འཛུགས་བྱས་པའི་ཚོགས་པ“ཨང་རྩིས་ཉོ་འཚོང”ཟེར་བ་ཞིག་གི་ནང་དུ་ཞུགས་པ་དང་ཀུང་སིའི་མ་རྐང་གི་ཚུལ་དུ་མི་ཚང་མར“སྐར་ལྔའི་གསེར་སྒོར”ཟེར་བ་ཞིག་ཉོ་རུ་བཅུག་པར་མ་ཟད། 2020ལོར་ཀུང་སི་དེ་ཚོང་རར་ཞུགས་རྒྱུ་དང་། སྐབས་ཐོག་དེར“སྐར་ལྔའི་གསེར་སྒོར” གཅིག་གིས་སྒོར་ཁྲི410ཡི་ཚབ་ཏུ་དྲ་ཐོག་གི་ཚོང་ཁང་ལས་རང་དགར་ཚོང་བརྒྱབ་ཆོག་ཟེར།
སྐུ་ཞབས་ཀང་གིས་བཤད་རྒྱུར། དང་ཐོག་ཨ་མས་ཁོ་ལ“སྐར་ལྔའི་གསེར་སྒོར”ཉོས་མྱོང་ཟེར་བ་ལས་ཁོ་ལ་དངོས་སུ་སྟོན་མ་མྱོང་ཟེར། རྗེས་སུ་ཉེན་རྟོག་པར་གྱོད་དོན་སྙན་ཞུ་བྱས་རྗེས་ད་གཟོད་ཉེན་རྟོག་པའི་མདུན་དུ་ཕྱིར་བླངས་ཏེ་བསྟན་པ་རེད་ཟེར།
“སྐར་ལྔའི་གསེར་སྒོར”ཟེར་བ་ནི་བལྟས་ཚོད་ཀྱིས་སེར་ལམ་ལམ་དུ་མངོན་པ་དང་ཆེ་ཆུང་ནི་སྒོར་གཅིག་ཅན་གྱི་དངུལ་སྒོར་ལས་ཅུང་ཆེ་ཞིང་སྲབ་པ་དང་། གཅིག་ལ་སྒོར5000ཡིས་འཚོང་བཞིན་ཡོད།
ཨ་མའི་ལྐོག་ལྐོག་སུད་སུད་ཀྱི་བྱ་སྤྱོད་ཚང་མར་ཕྱིར་འདང་ཞིག་བརྒྱབ་རྗེས། སྐབས་ཞབས་ཀང་གིས་ད་གཟོད་ཨ་མར་མི་གཞན་གྱིས་ངན་སྐུལ་བྱས་ཏེ་བརྒྱུད་འཚོང་རྩ་འཛུགས་ནང་དུ་ཞུགས་ཡོད་པར་དོགས་པ་སྐྱེས། དེ་བས་ཁོས་ཀྱང་སྐད་འཕྲིན་གྱི་ཨང་གྲངས་གསར་བ་ཞིག་བཟོས་ཤིང་དབུ་བརྙན་ཡང་མི་རྒན་པ་ཞིག་ལ་བརྫུས་ཏེ་ཨ་མ་ཞུགས་ཡོད་པའི་སྐད་འཕྲིན་གྱི་ཚོགས་པ་དེའི་ནང་དུ་ཞུགས་ཐུབ་པ་བྱུང་། དགོང་མོ་ཞིག་ལ་ཚོགས་པའི་ནང་དུ་མི་སྐོར་ཞིག་གིས་ཁ་བརྡ་བྱེད་དུས། “སྐར་ལྔའི་གསེར་སྒོར”ཉོས་པའི་རྩིས་ཐོ་ཞིག་ཕྱིར་ཐོན་པ་དང་དེའི་ཐོག་ཏུ་བཀོད་པ་ལྟར་ན། ཨ་མས་ཉོ་ཐེངས་གཅིག་གིས“སྐར་ལྔའི་གསེར་སྒོར”ལྔ་ཉོས་ཡོད་པ་ཤེས་རྟོགས་བྱུང་།
ཁོས་བཤད་རྒྱུར། ད་ལྟ་ཆེས་སེམས་ཁུར་བྱེད་ས་ནི་མོས་མི་གཞན་ལ་ངན་སྐུལ་བྱས་ཏེ་བརྒྱུད་འཚོང་ཚོགས་པ་འདིའི་ནང་དུ་ཞུགས་སུ་འཇུག་པ་དེ་ཡིན་ཟེར།
བརྒྱུད་འཚོང་གཏེ་བོས་སླར་ཡང་གཡོ་སྒྱུའི་འཚུབ་མ་བསྐོར་ནས་ཐོན་པ།
གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། 2013ལོའི་སྔོན་གྱི་ཀྲུང་གོའི་བཟོ་ཚོང་ཅུའུ་དང་སྤྱི་བདེ་པུའུ་ཡིས“ཨང་རྩིས་ཉོ་འཚོང”ཟེར་བ་འདི་ལོ་དེའི་བརྒྱུད་འཚོང་རྩ་འཛུགས་ཆེན་མོ་བཅུའི་གྲས་སུ་ཚུད་ཡོད་པར་ཐག་གིས་བཅད་པ་དང་། དེའི་མགོ་ཁྲིད་གཏེ་བོའང་རྐྱེན་དེའི་དབང་གིས་ཨེ་ཤ་ཡའི་ཤར་ལྷོའི་ས་ཁུལ་དུ་བྲོས་བྱོལ་བྱས།
ཉེན་རྟོག་ཕྱོགས་ཀྱི་བརྡ་ཁྱབ་གཞིར་བཟུང་ན། 2012ལོ་ནས་བཟུང་དོགས་ཡོད་ཉེས་ཅན་ཀྲང་ཅཱན་གྱིས“ཨང་རྩིས་ཉོ་འཚོང”ཟེར་བའི་དྲ་ཚིགས་འདི་ལ་བརྟེན་ནས་ཚད་མཐོའི་ཁེ་སྤོགས་ཕྱིར་ལེན་པའི་བསླུ་བྲིད་འོག་ཚོགས་པར་ཞུགས་པའི་མི་ཚང་མས་གྲངས་འབོར་མི་འདྲ་བའི་གྲོན་དངུལ་སྤྲད་དེ། མི་སྒེར་གྱི་ཚོང་ཁྱིམ་དང་ཁེ་ལས་ཀྱི་ཚོང་ཁྱིམ། མནའ་འབྲེལ་གྱི་ཚོང་ཁྱིམ་བཅས་སུ་གྱུར་རྗེས། མངའ་འོག་ཏུ་མི་ཅི་ཙམ་བསྡུས་པའི་གནས་ཚུལ་ལྟར་ཁེ་སྤོགས་དང་བྱ་དགའ་སྟེར་བ་ཡིན་ལ། གཞན་ཚོགས་པར་ཞུགས་པའི་དུས་ཚོད་ཀྱི་སྔ་གཞུག་དང་མ་རྩ་བཏང་བའི་སྒོར་མོའི་མང་ཉུང་ལྟར་གྲལ་རིམ་ཡང་མི་འདྲ་བ་གྲུབ་ཡོད་པ་རེད། གྱོད་དོན་བྱུང་དུས་ཁོ་ཚོའི་ཚོགས་པ་དེ་ཞིང་ཆེན28དང་ཚོགས་མི་ཁྲི19ལྷག་ཏུ་འཕེལ་ཡོད་ལ་གྱོད་དོན་དང་འབྲེལ་ཡོད་ཀྱི་སྒོར་གྲངས་ནི་དུང་ཕྱུར1.6ལ་འཕར་ཡོད།
ཨེ་ཤ་ཡ་ཤར་ལྷོའི་ས་ཁུལ་དུ་བྲོས་བྱོལ་བྱས་པའི་ཀྲང་ཅཱན་གྱིས་ཐོག་མར་མ་ལེ་ཞི་ཡ་རུ་སོང་ནས་མུ་མཐུད་དུ་བརྒྱུད་འཚོང་བྱས་ཏེ་མི་ཁྲི8ལ་མགོ་སྐོར་བཏང་ཡོད་པ་དང་། རྗེས་སུ་སླར་ཡང་ཐེ་གོར་དུ་སོང་སྟེ་ཐོབ་ཐང་རྫུན་མ་བཟོས་ཏེ་མིང་ལ“ཨང་རྩིས་ཉོ་འཚོང”ཟེར་བའི་ཀུང་སི་ཞིག་བཙུགས་ཏེ་མུ་མཐུད་དུ་བརྒྱུད་འཚོང་གི་བྱ་བ་གཉེར།
2014ལོའི་ཟླ10པའི་ཟླ་སྨད་དུ། ཀྲང་ཅཱན་ཐེ་གོ་ཕྱོགས་ཀྱི་ཉེན་རྟོག་མི་སྣས་འཛིན་བཟུང་བྱས་མོད། འོན་ཀྱང2016ལོའི་ཟླ11པའི་ཚེས25ཉིན་ཐེ་གོ་ནས་བཙོན་གྲོལ་བཏང་རྗེས་ཡང་བསྐྱར“སྐར་ལྔའི་གསེར་སྒོར”ལ་བརྟེན་ནས་བསྐྱར་ལངས་བྱས་ཤིང་ངན་རོགས་དག་གི་རྫུན་བཟོ་ལས་ཀྲང་ཅཱན་ནི“འཛམ་གླིང་གི་ཕྱུག་པོ་དང་པོ”དང་ཁོའི་ཕྲག་ཏུ་ད་དུང“ལས་འགན་ལྕི་མོ”ཞིག་ཀྱང་ཁུར་ཡོད་པར་བཅོས།
བརྒྱུད་འཚོང་ལ་ངོ་རྒོལ་བྱེད་པའི་ཆེད་མཁས་པ་ཞིག་གིས་དབྱེ་ཞིབ་བྱེད་རྒྱུར། སྲོལ་རྒྱུན་གྱི་བརྒྱུད་འཚོང་ཚོགས་ཁག་དག་གིས་ད་ལྟ་བསླུ་བྲིད་ཀྱི་མདུང་ཁ་མཉམ་འབྲེལ་དྲ་བའི་ཐོག་ཏུ་བསྐོར་ཡོད་པ་དང་། སྤྱི་ཕན་དགེ་ལས་ཀྱི་བྱ་བ་ནི་བརྒྱུད་འཚོང་བྱེད་མཁན་མང་པོ་ཞིག་གིས་གཞན་ལ་མགོ་སྐོར་གཏོང་བའི་ཁ་གཡར་ས་གསར་བ་ཞིག་ཡིན་པས། ད་ཐེངས་གནས་ཚུལ་ངོ་མ་མི་ཤེས་པའི་མ་དངུལ་གཏོང་མཁན་མང་པོ་ཞིག་འདི་ལྟར“ཨང་རྩིས་ཉོ་འཚོང”གི་གཡོ་འོག་ཏུ་ཚུད་དེ་གྱོད་གུད་ཚབས་ཆེན་རེག་པ་རེད་ཟེར།
(མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར་གྱི་འཕྲིན་སྟེགས་ལས་བཤུས།)