༄༅།། གེ་སར་སྒྲུང་ལས“བླ”དང་བླ་འཛིན་གྱི་འདུ་ཤེས་ལ་རགས་ཙམ་དཔྱད་པ།
ཚེ་རིང་དཔལ་བཟང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 04-24
སྔོན་མདོ་ཁམས་ཕྱོགས་ལ་དར་ཆེ་བའི་འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་འདི་ཉིད་རིམ་བཞིན་སྔོན་བྱོན་མཁས་དབང་དག་གིས་འཚོལ་སྡུད་དང་བརྒྱུད་སྒྲོག དཔྱད་གཏམ་གཞལ་མེད་སྤེལ་བའམ་མ་གཞི་སྒྲུང་རང་ཉིད་ལ་སྐྱེས་སྟོབས་ཀྱི་དཔའ་ཕྱུག་པོ་མངའ་བའི་རྐྱེན་གྱིས་རྒྱལ་ཁབ་ཕྱི་ནང་ཀུན་དུ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་བསྟུན། སྙན་པའི་བ་དན་སྲིད་གསུམ་རྩེ་མོར་གཡོ་ཞིང་འཛམ་གླིང་རྩོམ་རིག་གི་བང་མཛོད་ནང་དུའང་བཀྲག་མདངས་རབ་ཏུ་འཚེར་བའི་མུ་ཏིག་ཆུན་གཅིག་སྟེ་གོ་གནས་ངེས་ཅན་ཞིག་བཟུང་ཡོད་པ་གཟུར་གནས་ཀུན་གྱིས་མཁྱེན་གསལ་ལྟར། སྤྱིར་རྩོམ་རིག་གང་དང་གང་ཡིན་རུང་དངོས་ཡོད་འཚོ་བའི་རྨང་གཞིའི་སྟེང་གྲུབ་པ་ཞིག་ཡིན་ཏེ། སྤྱི་ཚོགས་ཀྱི་འདུ་ཤེས་འཛིན་སྟངས་རིགས་ཤིག་གམ་སྤྱི་ཚོགས་ཀྱི་འཚོ་བ་ངེས་ཅན་ཞིག་མིའི་རིགས་ཀྱི་ཀླད་པའི་ནང་ཚུར་སྣང་བའི་ཐོན་དངོས་ཤིག་ཏུ་འདོད་པ་ལྟར། གེ་སར་རྒྱལ་པོའི་སྒྲུང་འདི་ཉིད་ཀྱང་དེ་ལས་མ་འདས་ཤིང་དུས་རབས་ངེས་ཅན་ཞིག་གི་བོད་མིའི་འདུ་ཤེས་འཛིན་སྟངས་དང་། ཡུལ་སྲོལ་གོམས་འདྲིས། མཛེས་སྤྱོད་ཀྱི་རིན་ཐང་། ལོ་རྒྱུས་དོན་རྐྱེན་བཅས་ཚུར་སྣང་བྱས་ཡོད་པ་བཞིན། གེ་སར་སྒྲུང་དུ་སྟོན་པའི་བླ་གནས་ཀྱི་ཞིབ་འབྲི་ཕུན་སུམ་ཚོགས་པ་དེས་བོད་མིའི་བླ་འཛིན་གྱི་འདུ་ཤེས་མེ་ལོང་ལྟར་མཚོན་ཡོད་པས་གཞུང་ངོས་སམ་འཕྲེད་ངོས་གང་རུང་ནས་ཞིབ་འཇུག་བྱས་ཀྱང་དཔྱད་གཞི་རིན་ཐང་བྲལ་བ་ཞིག་ཡིན་པར་སེམས།
གཅིག བླ་ཞེས་པ་གང་ལ་ངོས་འཛིན་དགོས།
སློབ་དཔོན་གླུ་སྒྲུབ་ཀྱིས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་ནུས། །ཞེས་གསུངས་ཡོད་པ་ལྟར། འདིར་བརྗོད་པར་བྱ་བའི་བོད་མིའི་བླ་འཛིན་གྱི་འདུ་ཤེས་དེ་མཐའ་དཔྱད་ལེགས་པོ་ཞིག་ཡོང་དགོས་ན་ཐོག་མར་བླ་ཞེས་པའི་ཐ་སྙད་འདིའི་གོ་དོན་དང་བྱུང་ཚུལ། དེ་དང་འབྲེལ་བའི་རིག་གནས་ཀྱི་རྒྱབ་ལྗོངས་ངེས་ཅན་ཞིག་རྟོགས་དགོས་ཤིང་དེ་ལྟར་མིན་ཚེ་རྩེ་མོ་བཟུང་ནས་རྩ་བ་དོར་བའི་དཔེ་རུ་འགྱུར་སྲིད། དེ་ཡང་བོད་ཀྱི་མཁས་དབང་གྲགས་ཆེན་མཁར་རྨེའུ་བསམ་གཏན་གྱིས་བླ་བསླུ་སོགས་ཀྱི་ཆོ་ག་དེ་ནི་བོད་རང་གི་གདོད་མའི་དད་པ་ལས་བྱུང་བ་ཡིན་པ་དང་བླ་ཞེས་པའི་ཐ་སྙད་དེ་ནི་གནའ་སྔ་མོའི་དུས་ནས་བྱུང་བའི་བོད་རང་གི་ཐ་སྙད་ཅིག་ཡིན་པར་འདོད། ཁོ་བོས་བོན་གྱི་ཡིག་རྙིང་རྩ་ཆེན་མང་པོ་ཞིག་དཔྱད་གཞི་རུ་བཟུང་ནས་བླ་དང་བླ་བསླུའི་ཆོ་ག་ལ་ཞིབ་མོའི་སྒོས་དཔྱད་པ་བཏང་ཡོད། <<གཟི་བརྗིད >>ཞེས་པའི་བོན་གྱི་ཡིག་རྙིང་པོད་ག་བ། ལེའུ༡༠ <<སྲིད་ཤིང་ཐེག་པ >>ལས། བླ་ཞེས་པ་ནི་འགྲོ་བ་མིའི་ནང་སེམས་དང་ཤེས་པ་གནས་ས་ཞིག་ཏུ་ངོས་འཛིན་བྱེད་པ་ཡིན། བླ་ཉིད་མིའི་གཟུགས་ནས་བྲལ་རྗེས་གནས་ག་གེ་མོ་ཞིག་ཏུ་ཉེན་ཁ་དང་བྲལ་ནས་གནས་སྐབས་སུ་གནས་ཤིག་ཏུ་སྡོད་དོ་ཞེས་བརྗོད་ཚུལ་ཡོད་པས་དེ་དང་འབྲེལ་བའི་ཐ་སྙད࿎བླ་གནས࿎ཞེས་པ་ཐོན། ད་དུང་སྲོག་ཆགས་ཀྱིས་མཚོན་པར་བྱེད་པའི “བླ་རྟགས ”ཞེས་པའི་ཐ་སྙད་ཀྱང་ཡོད་པ་དང་། བླ་དང་ཕྱ་གཉིས་དོན་གཅིག་ཡིན་ཚུལ་སོགས་ང་ཚོས་གཙིགས་སུ་འཛིན་རུང་བའི་དཔྱད་གཏམ་རིན་ཐང་བྲལ་བ་སྤེལ་ཡོད།
གསོ་བ་རིག་པའི་དགོངས་པ་ལྟར་ན། སྲོག་བཅས་པ་ནི་མདངས་དང་བླ། ཁྲག་དང་དྲོད་སོགས་སུ་བཤད་དེ། བླ་ནི་སྲོག་གམ་ཚེ་གནས་པའི་རྟེན་ངོ་བོ་ཚེ་སྲོག་གི་དྲིས་བསྒོས་ཤིང་རྩའི་ནང་ནས་སྲིན་ལག་བརྒྱུད་དེ་ཕྱི་རོལ་དུ་འཁྱམས་པ་ལས་མི་དེའི་དབང་ཐང་ཞན་ན་བླ་འཁྱམས་པ་དང་། འཕྲོག་པ་དང་རྐུས་པ་སོགས་ཟེར་ཞིང་། རྟེན་བླ་ལ་གནོད་པ་བྱས་པས་བརྟེན་པ་ཚེ་སྲོག་ལའང་གནོད་པར་འགྱུར་བ་ལ། དེ་ཉིད་རྟེན་པའི་རྩ་ལ་བླ་རྩ་ཞེས་སོགས་བཤད་པ་མ་ཟད། དེ་སྔོན་རྒན་བཀྲ་བྷོ་ལགས་ཀྱི་ཆེད་རྩོམ་ཞིག་གི་ནང་བླ་ཞེས་པར་འགྲེལ་རྒྱག་སྐབས་ལུང་ཞིག་དྲངས་ཡོད་དེ། འཇུ་མི་ཕམ་གྱི <<གཙུག་ལག་རྩིས་ཀྱི་སྔོན་འགྲོ་རབ་གསལ་མེ་ལོང >>ལས། བླ་ནི་སྲོག་གི་མ་རུ་བཞེད། ཅེས་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོའི <<བཻ་སྔོན >>ལས། སྲོག་དང་ཚེ་དེ་གནས་པའི་རྟེན་ངོ་བོ་དེ་ལ་བླ་ཞེས་གྲགས། ཞེས་སོགས་གསུངས་ཡོད་པ་ལས་བླ་དང་སྲོག་གཉིས་ཁ་ཁ་ཡིན་པ་མ་ཟད་རྟེན་དང་བརྟེན་པའི་འབྲེལ་བ་ཡིན་པ་ངང་ངམ་ཤུགས་ཀྱིས་རྟོགས་ཐུབ།
གཉིས། གེ་སར་སྒྲུང་ལས་སྟོན་པའི་བླ།
གེ་སར་སྒྲུང་ལས་སྟོན་པའི་བླ་ནི་གོང་གི་བཞེད་པ་དང་མཐུན་པར་བླ་དེ་ཉིད་མིའི་གཟུགས་ལས་བྲལ་རྗེས་ཉེན་ཁ་དང་བྲལ་བའི་ངང་གནས་གཞན་ཞིག་ཏུ་སྡོད་པས་བླ་གནས་གྱི་ཚུལ་དུ་སྣང་བ་ཞིག་ཡིན་ཞིང་བླ་གནས་ཀྱི་དབྱེ་རིགས་སྣ་མང་ཞིང་ཕུན་སུམ་ཚོགས་པ་ཞིག་ཡིན་པ་སྔོན་བྱོན་ཆེད་ལས་མི་སྣ་དག་གིས་འཚོལ་སྡུད་བྱས་ཡོད་པ་ལས་མཐོང་ཐུབ། དེ་ཡང་སྒྲུང་ལས་སྟོན་པའི་བླ་ལ་རང་བྱུང་བཀོད་པའི་རིགས་ཏེ། བླ་རི། བླ་མཚོ། བླ་རྡོ། སྲོག་ཆགས་སྣ་ཚོགས་ཀྱི་རིགས་ཏེ། བླ་འབྲོང་། བླ་སྟག བླ་དྲེད། འཕར་བ། ཁྲུང་ཁྲུང་། བྱིའི་ཆུང་། གོ་རྒན། བྱ་ཤང་ཤང་། ཕོ་རོག ལྕུང་ཀ རྒྱ་བྱ། རྨ་བྱ། ནེ་ཙོ། ཁ་ཏ། བླ་གཡག བླ་ལུག བླ་ཉ། བླ་སྦྲུལ། སྲིན་འབུའི་རིགས། རྩི་ཤིང་སྐྱེ་དངོས་ཀྱི་རིགས་ཏེ། བླ་ཤིང་སོགས། གཞན་མི་དང་ཅ་ལགམཚོན་ཆ། བླ་གཡུ། བླ་མཁར། བླ་ལྕགས། བླ་མདུད་བཅས་ཡོད་པ་དེའི་མཚན་མཚོན་འགའ་བཀོད་ན། <<མོན་གླིང་གཡུལ་འགྱེད >>ལས། བླ་རི་སྟ་སྣ་ཁྲ་བོ་མཁྱེན། །དེ་རིང་ཨ་ཕོའི་སྡོངས་གྲོགས་མཛོད། །ཅེས་དང་། <<ཧོར་གླིང་གཡུལ་འགྱེད >> སྨད་ཆ་ལས། གེ་སར་གཡག་ལ་སེར་པོའི་ཕར་རྒྱབ་ཀྱི་བྲག་དམར་དཀྱིལ་ན་ཧོར་གྱི་བླ་འབྲོང་ར་རིང་ཡོད་པ་དེས་ལྕེ་ཞགས་དམར་པོ་གློག་འོད་འཁྱུག་འཁྱུགརྔ་མ་ནག་པོ་ལྷོ་སྤྲིན་འཐིབ་འཐིབ། རྐན་སྒྲ་དགྲ་བོ་ཆ་ལོང་རྡེབ་རྡེབ་ལྟར་བྱེད་པ། ཞེས་དང་། ཡང <<ཧོར་གླིང་གཡུལ་འགྱེད >>སྟོད་ཆ་ལས། རྒྱ་བ་རྨ་བྱ་ནེ་ཙོ་གསུམ། ཁ་ཏ་ང་དང་བཞི་བོ་འདི། །ཁྱེད་ཀྱིས་གསོས་པའི་བླ་བྱ་ཡིན། །མི་སྐད་གོ་བའི་བྱ་བཞི་ཡིན། །ཞེས་དང་། <<བྷེ་གླིང་གཡུལ་འགྱེད་ལས >>ལས། བླ་དྲེད་མི་གཟན་ནག་པོ་དེ་ཉི་ཟླའི་གོ་བར་ན་ཡོད་པ་གེ་སར་གྱི་མཐོང་སྟེ། ཆོས་སྐྱོང་སྲུང་མ་དང་རང་གི་ཏིང་ངེ་འཛིན་གྱི་མཐུ་སྟོབས་ཀྱིས་མདུན་དུ་དུ་བཀུགས་ཤིག སྡུག་སྤངས་དགེ་སྒྲུབ་ཀྱི་ཁ་ཏ་བྱས་པ་དང་སྡིག་སྤྱོང་ཆོ་གའི་མན་ངག་གིས་བླ་དྲེད་ཀྱི་རྣམ་ཤེས་དག་པའི་ཞིང་ཁམས་སུ་དྲངས་པ་ཞེས་བཀོད་ཡོད་པ་དང་། <<བདུད་ལེའུ >>ལས། གེ་སར་གྱིས་བྱང་བདུད་ཀླུ་བཙན་རྒྱལ་པོའི་བླ་ལུག་ནག་པོ་ཐབས་ཀྱིས་བཏུལ་རྗེས། ཕོ་འདྲེ་ཀླུ་བཙན་རྒྱལ་པོ་དེ། བདུད་རྟ་ནག་པོ་ཧོབ་ཆེན་དེ་ཞབས་ལ་བཅུགས། མི་ཆད་རྒྱུ་མའི་ཞགས་པ་དེ་ལག་ལ་བཟུང་། བདུད་ཀྱི་རེ་གོས་ནག་པོ་དེ་རྒྱབ་ལ་གྱོན། རྫ་རོང་ནག་ལ་ཆར་སྤྲིན་འཁྲིགས་འདྲ་ཞིག་བྱས་ནས་ལུག་རྫིའི་འགྲམ་དུ་སླེབས་བྱུང་ནས་ན་རེ། ཡ་ཨ་རོག་ལུག་རྫི། འདི་ནས་མེ་མི་ཆོ་དགུ་ཆོ་བྱེད་མཁན། རྟ་རྐྱང་ཇོ་ཇོ་དེ་ཁྲིད་མཁན། མདའ་གཞུ་སྤུ་ར་ར་ཞིག་འདོགས་མཁན། མི་རྗེས་ལ་པདྨ། རྟ་རྗེས་ལ་དུང་དཀར་དོད་མཁན་སུ་ཨེ་བྱུང་། ང་དེ་རིང་ཕྱི་ཡི་པགས་པ། བར་གྱི་རུས་མ་གཏོགས་མ་ལྷག་པར་དྲན་པ་དང་ཁོག་ཁྲག་རྣམས་ཤུལ་མེད་དུ་སོང་བའི་བླ་རྐུས་སྲོག་བཅད། ཚེ་བསྟུངས་པ་སོགས་ཀྱི་སྣང་བ་སྡུག་པོ་ཞིག་བྱུང་། བླ་ལུག་ནག་པོ་ལྕགས་རྨིག་ཅན་དེ་ཁམས་བཟང་ཨེ་ཡིན་ཞེས་དྲིས་པའི་རྗེས་ཅུང་ཅུང་མ་འགོར་བར་གེ་སར་གྱི་མདའ་མོའི་འོག་ཏུ་གྲོངས། ཡང <<ཧོར་གླིང་གཡུལ་འགྱེད >>སྨད་ཆ་ལས། ཧོར་གུར་དཀར་ལ་བླ་རྟགས་བཅོ་བརྒྱད་ཡོད་པ་དེ་ཉིད་བཏུལ་ཆེད། གེ་སར་གྱིས་ཨ་སྟག་ལྷ་མོ་དང་མགར་བཟའ་ཆོས་སྒྲོན་སོགས་རང་གི་གྲོགས་སུ་བཀུགས་ནས་དེ་རེ་རེ་བཞིན་བཏུལ་བའི་རྗེས་ད་གཟོད་ཧོར་གུར་དཀར་དམ་ལ་བཏགས་པ་ཞེས་སོགས་བཀོད་ཡོད་པ་དེ་ལས་ང་ཚོས་ངེས་ཐུབ་པ་ཞིག་ནི། བླ་དེ་ཉིད་མིའི་ལུས་དང་བྲལ་ནས་སྲོག་ཆགས་དང་གཞན་རང་བྱུང་གི་བཀོད་པ་ལ་སོགས་པའི་ཐོག་ཏུ་བླ་གནས་ཀྱི་ཚུལ་དུ་གནས་ཐུབ་པ་མ་ཟད། དེ་ཉིད་གནོད་པ་མ་བྱུང་ཚེ་མིའི་སྲོག་ལ་ཉེན་ཁ་མེད་པ། དེ་ལས་ལྡོག་སྟེ་བླ་གནས་ལ་གནོད་པ་བྱུང་ཚེ་མི་དེ་ཡང་ཡུན་དུ་མི་གནས་པར་སྲོག་ཆད་འགྲོ་བ་ཞིག་ཡིན་པ་མ་ཟད་བླ་ཡིས་སྲོག་སྲུང་བ་བྱེད་པའི་ནུས་པ་ཡང་ལྡན་པས་གོང་གི “བླ་ནི་སྲོག་གི་མ་རུ་བཞེད ”ཅེས་པ་ཡང་བདེན་དཔང་བྱས་ཡོད་པ་འདྲ། འདི་ལྟ་བུའི་བླ་གནས་སྐོར་གྱི་ཞིབ་འབྲི་སྒྲུང་གི་ཐོག་མཐའ་བར་གསུམ་དུ་མཐོང་རྒྱུ་ཡོད་ཅིང་འདིར་ཚིག་ཚོགས་མང་བའམ་བསྐྱར་ཟློས་ཀྱི་སྐྱོན་དུ་འགྱུར་སྲིད་པས་གོང་གི་རིགས་དབྱེ་ལྟར་རེ་རེ་བཞིན་དཔེ་མཚོན་མ་བཀོད་དོ།
གསུམ། བོད་མིའི་བླ་འཛིན་གྱི་འདུ་ཤེས།
གོང་དུ་བཤད་ཟིན་པ་ལྟར་གེ་སར་སྒྲུང་འདི་ཉིད་ཀྱང་རྩོམ་རིག་བརྩམས་ཆོས་ཤིག་ཡིན་པའི་ཆ་ནས་ནམ་ཡང་སྤྱི་ཚོགས་ཀྱི་སྣང་ཚུལ་ངོས་གཅིག་སྟོན་པ་གོར་མ་ཆགདེ་བས་ཕུན་སུམ་ཚོགས་པའི་བླ་གནས་ཀྱི་ཞིབ་འབྲི་དེས་ང་ཚོ་ལ་རྒྱུད་སྒྲོག་བྱེད་བཞིན་པ་ནི་བོད་མིའི་བླ་འཛིན་གྱི་འདུ་ཤེས་དེ་རང་ཡིན་ལ། འོ་ན་དེ་འདྲའི་འདུ་ཤེས་དེ་དུས་ག་ཤེད་དུ་བྱུང་བ་ཡིན་ཞེ་ན། དེ་ཡང་ཏུན་ཧུང་ཡིག་རྙིང་དུ། ཡུལ་སྐྱི་རོ་ལྗང་སྔོན་ན། རྗེ་སྐྱི་རྗེ་རྨང་པོ་ཞིག སྐྱི་གཤིན་རྒྱན་ངར་ཞིག་རྒྱ་རྙིར་ཏེ་སྲིན་འོག་ཏུ་ནི་གླུད་བོར། ལྷ་ལ་ཉན་བཙུགས་ན། སྐྱི་བླ་བྱ་མངས་ལ་ཉན་བཙུགས། སྲིན་ལ་གླུད་བོར་ན། སྐྱི་སྲིན་ཚ་ལུང་ཞ་ལ་གླུད་བོར། ཞེས་བཀོད་ཡོད་པས་བླ་འཛིན་གྱི་འདུ་ཤེས་ནི་གདོད་མའི་དུས་ནས་བཟུང་བོད་མིའི་འདུ་ཤེས་སུ་ཆགས་ཡོད་དེ་རིམ་བཞིན་འཕེལ་རྒྱས་སོང་བའི་བོད་ཀྱི་གདོད་མའི་ཤེས་རིག་དང་འབྲེལ་བའི་རིག་གནས་ཀྱི་སྣང་ཚུལ་ཞིག་ཡིན་པ་ཁ་ཚོན་བཅད་ཆོགདུས་སྐབས་དེ་ལ་ཆགས་འཇོག་ན་རང་རེའི་མེས་པོ་རྣམས་ནི་རང་བྱུང་ཁམས་ཆེན་པོའི་ཐོན་སྐྱེད་ངལ་རྩོལ་བྱེད་སྐབས་གློག་འཁྱུག་པ་དང་འབྲུག་གྲགས་གྲགས་པ། ཐོག་རྒྱག་པ་སོགས་རང་བྱུང་ཁམས་ཀྱི་འཇིགས་སྐུལ་དང་གནོད་འཚེ་རྒྱུན་ཆད་མེད་པར་མྱོང་བས། ཐོན་སྐྱེད་ཀྱི་ཆུ་ཚད་དང་བསམ་བློའི་གོ་རྟོགས་ཧ་ཅང་དམའ་བའི་དུས་སྐབས་དེ་ལ་མཚོན་ན་གོང་སྨྲས་རང་བྱུང་ཁམས་ཀྱི་སྣང་ཚུལ་ལ་འགྲེལ་མི་ཐུབ་པའམ་རང་བྱུང་ཁམས་ཀྱི་གནོད་འཚེ་དེ་དག་གིས་བཅིངས་བས་རང་ཉིད་ཀྱི་འདོད་དོན་བདེ་བླག་ངང་འགྲུབ་མི་ཐུབ་པས་རི་ཆུ་སྐྱེ་དངོས་བཅས་ལ་སྲོག་དང་ལྡན་པའི་ངང་སྐྱབས་བཅོལ་ནས་རང་བྱུང་ཁམས་ལས་རྒལ་ནུས་པའི་སྟོབས་ཤུགས་ཤིག་སྦྱིན་པ་ཕུགས་འདུན་དུ་སྐྱོང་པས་རང་བྱུང་ཁམས་ཀྱི་སྐྱེ་དངོས་ཡོད་དོ་ཅོག་ལ་བླ་འཛིན་གྱི་འདུ་ཤེས་ཆགས་པ་མ་ཟད། བླ་རི་བླ་མཚོ་བླ་བྱ་བཅས་འཕྲོ་རིམ་འཕྲོར་བསྐྲུན་པ་དང་རྗེས་སུ་བླ་འཛིན་གྱི་འདུ་ཤེས་དེ་འཕེལ་རྒྱས་སོང་བ་དང་བསྟུན་སྒྲུང་དུ་སྟོན་པའི་བླ་གནས་བཞིན་ཕུན་སུམ་ཇེ་ཚོགས་སུ་གྱུར་བ་ཡིན།
མདོར་ན། བླ་ཞེས་པ་ནི་མིའི་ལུས་ཐོག་ཏུ་གནས་ཤིང་མི་ཉིད་གྲུབ་པའི་རྒྱུ་གཙོ་བོ་ཞིག་ཏུ་ངོས་འཛིན་ལ། མིའི་ལུས་དང་ཚེ། སྲོག བླ་རྣམ་ཤེས་བཅས་ནི་གཅིག་ལ་གཅིག་བརྟེན་གྱི་ཚུལ་དུ་གནས་པ་ཞིག་ཡིན་པ་མ་ཟད་ངེས་པར་དུ་དེ་དག་སོ་སོར་ངོས་འཛིན་དགོས། དེ་མ་ཚད་བླ་ཞེས་པ་ནི་བོད་རང་གི་གདོད་མའི་ཆོས་ལུགས་སམ་རིག་གནས་ལ་འབྲེལ་བའི་ཐ་སྙད་ཅིག་ཡིན་པས་གདོད་མའི་སྤྱི་ཚོགས་དང་རིག་གནས་ལ་ཞིབ་འཇུག་བྱེད་པར་དཔྱད་གཞི་བཟང་ཤོས་ཡིན་པར་འདོད་ལ་གེ་སར་སྒྲུང་དུ་སྟོན་པའི་བླ་གནས་སྣ་ཚོགས་ཀྱི་ཞིབ་འབྲི་དེ་ལས་བརྒལ་ཏེ་བོད་མིའི་བླ་འཛིན་གྱི་འདུ་ཤེས་གསལ་འདེབས་བྱེད་པ་དགོས་པ་ཤིན་ཏུ་ཆེའོ། །
ཟུར་ལྟའི་ཡིག་ཆ།
《གླིང་གེ་སར་རྒྱལ་པོའི་སྒྲུང་ལ་དཔྱད་པ་ཀུན་གསལ་འཕྲུལ་གྱི་མེ་ལོང 》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། གཅོད་པ་དོན་འགྲུབ་དང་ཆབ་འགག་རྟ་མགྲིན་གཉིས་ཀྱིས་བརྩམས།
《མདའ་དང་འཕང 》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། མཁར་རྨེའུ་བསམ་གཏན་གྱིས་བརྩམས།
《སངས་རྒྱས་ཆོས་ལུགས་ཀྱི་སྤྱི་དོན་གསར་དཔྱད་ཅེས་བྱ་བ་བཞུགས་སོ 》མིའི་རིགས་དཔེ་སྐྲུན་ཁང་། ཁུ་བྱུག་གིས་བརྩམས།
《བོད་ཀྱི་ཡིག་རྙིང་ཞིབ་འཇུག 》མི་རིགས་དཔེ་སྐྲུན་ཁང་། ཁ་སྒང་བཀྲ་ཤིས་ཚེ་རིང་སོགས་ཀྱིས་བསྒྲིགས།
《གེ་སར་སྒྲུང་གི་དཔྱད་རྩོམ་ཀུན་བསྡུས 》པོད་དང་པོ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། བྱ་གཞུང་རྡོ་ལྷ་སོགས་ཀྱིས་བསྒྲིགས།
《ཧོར་གླིང་གཡུལ་འགྱེད 》མི་རིགས་དཔེ་སྐྲུན་ཁང་།
《མོན་གླིངགཡུལ་འགྱེད 》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
《འཇང་གླིང་གཡུལ་འགྱེད 》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
《བདུད་ལེའུ 》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
《བྷེ་གླིང་གཡུལ་འགྱེད 》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1