༄༅།། དམངས་རྩོད་གོང་གཏུག་ཡི་གེ་ ཇི་ལྟར་འབྲི་དགོས་སམ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-24



གྱོད་དཔེ།
        རྡོ་རྗེ་ད་ལོ་ལོ་28ལ་སོན་ཞིང་ལོ་བཞིའི་སྔོན་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན། ད་ལྟ་གློག་ཀླད་མཉེན་ཆས་སྤྱི་གཉེར་ཁང་ཞིག་ན་ལས་ཀ་གཉེར་བཞིན་ཡོད། ད་ལོའི་ལོ་སར་གྱི་སྐབས་སུ་ཁོ་དང་ཁོའི་གྲོགས་པོ་གཉིས་ས་ཆ་གཞན་ལ་ཡུལ་སྐོར་སྤྲོ་གསེང་དུ་སོང་ནས་ཉིན་བཅུ་ཤས་ཙམ་འགོར་ཏེ་ཕྱིར་རང་ཁྱིམ་དུ་ལོག་སྐབས་མིག་མདུན་གྱི་གནས་ཚུལ་དེས་ཁོང་གཉིས་ཧ་ལས་སུ་བཅུག ཁང་པའི་གྱང་ངོས་ན་ཆུ་བཞུར་བའི་རྗེས་ཤུལ་སྣ་ཚོགས་ཡོད་ཅིང་བརྙན་འཕྲིན་དང་གཞན་པའི་གློག་ཆས། ཁང་པའི་ནང་དུ་བརླན་དྲི་ཁྱབ་འདུག་ལ་མདོར་ན་ག་ས་གང་དུ་ཞིག་གོག་ལྷུང་གསུམ་བྱུང་འདུག ཁོང་གཉིས་ཀྱིས་ཞིབ་མོའི་ངང་ཁང་པའི་ནང་གི་རྣམ་པར་ཞིབ་བལྟ་བྱས་ཏེ་གནས་ཚུལ་རྒྱུས་ལོན་བྱས་པ་ན། མ་གཞི་ཁོ་ཚང་གི་སྟེང་ན་ཡོད་པའི་སངས་རྒྱས་ཚང་གིས་ཁང་པར་མཛེས་སྤྲས་བྱེད་སྐབས་དོ་སྣང་མ་བྱས་པར་ཆུ་བཞུར་དུ་བཅུག་པས་འོག་གི་རྡོ་རྗེ་ཚང་ལ་གཏོར་བརླག་ཐེབས། དེའི་རྐྱེན་གྱིས་རྡོ་རྗེ་ཡིས་སངས་རྒྱས་བཙལ་ནས་གྱོང་གུད་སྐྱིན་ཚབ་འཇལ་བར་གྲོས་གཞི་གཏོན་མོད་ལ་གྲངས་ཐད་ལྟ་ཚུལ་ཁྱད་པར་ཧ་ཅང་ཆེ་བས། རྡོ་རྗེ་ཡིས་གཏུག་ཡིག་བྲིས་ཏེ་སངས་རྒྱས་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཤིང་། མི་དམངས་ཁྲིམས་ཁང་གིས་ཞིབ་གཅོད་བྱས་རྗེས་སངས་རྒྱས་ཀྱིས་རྡོ་རྗེ་ལ་སྒོར་5400སྐྱིན་ཚབ་འཇལ་དགོས་པའི་དཔྱད་མཚམས་བཏང་། སངས་རྒྱས་ཀྱི་ལག་ཏུ་བཅད་ཁྲ་འབྱོར་རྗེས་འདྲི་གཅོད་དང་པོའི་དཔྱད་མཚམས་བློར་མ་བབས་པར་གོང་གཏུག་བྱེད་གྲབས་བྱས། ཡིན་ཡང་སངས་རྒྱས་ཀྱིས་གོང་གཏུག་ཡི་གེ་ཇི་ལྟར་འབྲི་དགོས་པ་མ་ཤེས།
ཁྲིམས་རོགས་པའི་དཔྱད་བརྗོད།
        དམངས་རྩོད་གཏུག་བཤེར་གྱི་དོ་བདག་པས་ས་གནས་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་དང་པོའི་དམངས་རྩོད་དཔྱད་མཚམས་དང་བཀས་བཅད་ཁས་ལེན་བྱེད་མི་འདོད་ཚེ། ཁྲིམས་བཀོད་གོ་རིམ་དང་དུས་ཡུན་ལྟར་རིམ་པ་གོང་མའི་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཏེ། འདྲི་གཅོད་དང་པོའི་ཐག་བཅད་མེད་པར་བཟོ་བའམ་བཅོས་བསྒྱུར་བྱེད་པར་རེ་འདུན་ཞུ་བའི་ཡི་གེ་ལ་དམངས་རྩོད་གོང་གཏུག་ཡི་གེ་ཟེར། དམངས་རྩོད་གོང་གཏུག་ཡི་གེ་འབྲི་བར་ཚད་གཞི་ངེས་ཅན་ཞིག་ཡོད་ལ་རིམ་པ་བཞི་རུ་བགོས་ཡོད།
གཅིག ཐོག་མའི་རིམ་པ།
(1) ཁ་བྱང་སྟེ། དམངས་རྩོད་གོང་གཏུག་ཡི་གེ་ཞེས་འབྲི་དགོས།
(2) དོ་བདག་པའི་མཚན་བྱང་སྟེ། གོང་གཏུག་བྱེད་མཁན་དང་གོང་གཏུག་བྱ་ཡུལ་གྱི་རིམ་པ་ལྟར་ཁོ་ཚོའི་གཞི་རྩའི་གནས་ཚུལ་འབྲི་དགོས། གོང་གཏུག་བྱེད་མཁན་གྱི་རུས་མིང་དང་ཕོ་མོ། ལོ་ཚོད། མི་རིགས། ཕ་ཡུལ། ལས་རིགས་སམ་ལས་འགན། བྱ་བའི་ལས་ཁུངས་སམ་སྡོད་གནས་འབྲི་དགོས་ལ། དེའི་འཕྲོར་གོང་གཏུག་བྱ་ཡུལ་གྱི་རུས་མིང་དང་ཕོ་མོ། ལོ་ཚོད། ཕ་ཡུལ། ལས་རིགས་སམ་ལས་འགན། བྱ་བའི་ལས་ཁུངས་སམ་སྡོད་གནས་འབྲི་དགོས།
གཉིས། གོང་གཏུག་རེ་འདུན།
        ཐོག་མའི་འདྲི་གཅོད་ཀྱི་ཐག་བཅད་མེད་པར་བཟོ་བར་རེ་འདུན་ཞུ་བ་ཡིན་ནམ། ཐོག་མའི་འདྲི་གཅོད་ཀྱི་ཐག་བཅད་ཡོངས་རྫོགས་བཅོས་བསྒྱུར་བྱེད་པར་རེ་འདུན་ཞུ་བ་ཡིན་པ་དང་། ཡང་ན་ཐོག་མའི་ཐག་བཅད་ཀྱི་ཆ་ཤས་བཅོས་བསྒྱུར་བྱེད་པར་རེ་འདུན་ཞུ་བ་ཡིན་པ་སོགས་བྱེ་བྲག་གི་རེ་འདུན་ཞུ་དོན་གསལ་པོར་འབྲི་དགོས། རེ་ཞུའི་དམིགས་ཡུལ་ལྷག་པར་དུ་གསལ་པོ་དང་ཞིབ་ཚགས་ཡིན་དགོས། དམིགས་ཡུལ་ཇི་ལྟ་བུ་ཞིག་ཡིན་ཚེ་དེ་རང་མངོན་གསལ་དོད་པོའི་ངང་གནད་ལ་འཁེལ་ནས་བཤད་དགོས།
གསུམ། གོང་གཏུག་གི་གནས་ལུགས།
(1) ཐོག་མའི་འདྲི་གཅོད་ཀྱི་བཅད་ཁྲའི་ནང་ངོས་འཛིན་བྱས་པའི་དོན་དངོས་ལ་ནོར་འཁྲུལ་ཡོད་པ། ཐོག་མའི་འདྲི་གཅོད་ཐག་བཅད་ཀྱིས་ངོས་འཛིན་བྱས་པའི་དོན་དངོས་ཡོངས་རྫོགས་ནོར་འཁྲུལ་ཡིན་པའམ་ཡང་ན་ཆ་ཤས་ནོར་འཁྲུལ་ཡིན་པ་གནད་དུ་བཟུང་ནས་འདོན་དགོས། གནས་ཚུལ་གྱི་དོན་དངོས་ངོ་མ་ཇི་ལྟ་བུ་ཞིག་ཡིན་པ་གསལ་པོར་བཤད་དགོས། གོང་གཏུག་ཡི་གེའི་ཁྲོད་བཏོན་པའི་སྔོན་ལ་ངོས་འཛིན་བྱས་པའི་དོན་དངོས་དང་མི་འདྲ་བའི་དོན་དངོས་ངོ་མ་དེར་ངེས་པར་དུ་ཡང་དག་དང་འཐུས་ཚང་ངང་ཁུངས་བཙན་པའི་བདེན་དཔང་འདོན་དགོས།
(2) ཐོག་མའི་འདྲི་གཅོད་ཐག་བཅད་སྐབས་བཀོལ་བའི་བཅའ་ཁྲིམས་འོས་འཚམ་མིན་པ། འདི་ནི་སྔོན་གྱི་ཐག་བཅད་ལ་བཀོལ་བའི་འབྲེལ་ཡོད་ཁྲིམས་སྲོལ་དང་གྱོད་གཞིའི་དོན་དངོས་གཉིས་མི་འཚམ་པ། བཀོལ་སྤྱོད་བྱས་པའི་འབྲེལ་ཡོད་བཅའ་ཁྲིམས་དོན་ཚན་ལ་ཆད་ལྷག་ཡོད་པ་སྟེ། འབྲེལ་ཡོད་དོན་ཚན་ཆ་ཤས་བཀོལ་བ་ལས་གཞན་པའི་འབྲེལ་ཡོད་དོན་ཚན་ཆ་ཤས་དེར་སྣང་དོགས་མ་བྱས་པ། ཡང་ན་བཅའ་ཁྲིམས་དོན་ཚན་ལ་གོ་བ་ལོག་འགྲེལ་བྱས་པ་སོགས་ཀྱིས་ཐག་བཅད་འོས་འཚམ་མིན་པར་བཏང་བ་ཡིན། དེ་བས་འབྲེལ་ཡོད་བཅའ་ཁྲིམས་དོན་ཚན་བཀོད་ནས་ཞིབ་ཚགས་ཀྱིས་དབྱེ་ཞིབ་དང་ཁུངས་ལུང་འདྲེན་འོས།
(3) ཐོག་མའི་འདྲི་གཅོད་ཐག་གཅོད་ཐག་བཅད་ཀྱི་གོ་རིམ་ཁྲིམས་དང་འགལ་བས་ཡང་དག་གིས་འདྲི་གཅོད་བྱེད་པར་ཤུགས་རྐྱེན་བཟོས་པ། འདི་ནི་འདྲི་གཅོད་ཐོག་མའི་ཁྲིམས་ཁང་གིས་གྱོད་གཞི་ཞིབ་གཅོད་བྱེད་དུས《དམངས་རྩོད་གཏུག་བཤེར་བཅའ་ཁྲིམས།》ཀྱི་གཏན་འཁེལ་དང་འགལ་བས་གྱོད་གཞི་ཐག་བཅད་འོས་འཚམ་མིན་པར་བཏང་བ་རེད། དེར་དོན་དངོས་ཀྱི་བདེན་དཔང་བཏོན་ནས་ཐོག་མའི་འདྲི་གཅོད་ཐག་བཅད་བཅོས་སྒྱུར་བྱེད་པར་རེ་འདུན་ཞུ་བ་བོར་རྒྱུ་རྐྱེན་བྱ་ཆོག
གོང་གཏུག་གི་གནས་ལུགས་དེ་དོན་དངོས་སུ་ཐོག་མའི་འདྲི་གཅོད་ཐག་བཅད་ཀྱི་དགག་རྩོམ་ཞིག་ཡིན། གོང་གཏུག་གི་གནས་ལུགས་བྲིས་ཚར་རྗེས་མཇུག་བསྡུའི་ཚིག་འབྲི་དགོས། དུས་རྒྱུན་གྱི་འབྲི་ཐབས་ནི། གོང་གི་གནས་ཚུལ་དག་ལ་གཞིགས་ན་×××མི་དམངས་ཁྲིམས་ཁང་(ཡང་ན་ཐོག་མའི་འདྲི་གཅོད།)གིས་དཔྱད་མཚམས་བཅད་པ་འོས་འཚམ་མིན་པ་གསལ་བཤད་བྱེད་ཐུབ་པས། ཆེད་དུ་ཁྱེད་ཁྲིམས་ཁང་ལ་གོང་གཏུག་བྱས་ཏེ། སྔོན་གྱི་ཐག་བཅད་(ཡང་ན་བཀས་བཅད།)མེད་པར་བཟོས་ཏེ་ཁྲིམས་ལྟར་ཐག་བཅད་ལ་བཅོས་བསྒྱུར་(ཡང་ན་ཡང་བསྐྱར་ཐག་གཅོད། )བྱེད་པར་རེ་བ་བཏོན་པ་ཡིན།
བཞི། མཇུག་མཐའི་རིམ་པ་དང་ཞར་བཀོད།
(1) གོང་སྤྲོད་ལས་ཁུངས། ཐིག་ཕྲེང་གཉིས་བྱས་ཏེ་གུས་འདུད་དང་བཅས་དང་×××མི་དམངས་ཁྲིམས་ཁང་ལ་ཕུལ་ཞེས་འབྲི་དགོས།
(2)ཤོག་ངོས་གཡས་ཕྱོགས་ཀྱི་ཞོལ་ནས་གོང་གཏུག་མཁན×××(མིང་འགོད་པའམ་ཐམ་ཀ་རྒྱག་དགོས།)འབྲི་དགོས་པར་མ་ཟད། ལོ་དང་ཟླ་ཚེས་ཀྱང་གསལ་པོར་འབྲི་དགོས།
(3)ཞར་བཀོད་སྟེང་གོང་གཏུག་ཡི་གེ་འདིའི་བསྐྱར་དཔར་ཚར་×དང་བདེན་དཔང་རྒྱུ་ཆ་ཚར་×ཡོད་པ་གསལ་པོར་འབྲི་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1