༄༅།།ཁང་ཤིའི་བཀའ་འགྱུར་གསེར་བྲིས་མ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ཀྱི་གནའ་དཔེ་དྲ་བ། སྤེལ་དུས། 04-24


        ཐའེ་པེའི་ཕོ་བྲང་རྙིང་མའི་རྟེན་མཛོད་ཁང་དུ་བོད་བརྒྱུད་ནང་བསྟན་གྱི་གཙུག་ལག་འཛམ་གླིང་ཐོག་ཧ་ཅང་མཐོང་དཀོན་པ་མང་པོ་ཉར་ཚགས་གནང་ཡོད། དེ་ལས་སྐད་གྲགས་ཆེ་ཤོས་ནི་གོང་མ་ཁང་ཤིའི་ལོ་བརྒྱད་པར་འགྲུབ་པའི་(1669)དུས་ཡུན་ལོ་ངོ་གཉིས་རིང་གསེར་ཞུན་གྱིས་ལེགས་པར་བྲིས་པའི་རྒྱལ་བའི་བཀའ་འགྱུར་དེ་ཡིན།  ལོ་རྒྱུས་སུ་བཀའ་འགྱུར་ལུང་བྲིས་མར་(《龙藏经》)འབོད།  ལོ་རྒྱུས་ཀྱི་ཤོད་རྒྱུན་ལ་བཀའ་འགྱུར་ལུང་བྲིས་མར་ཐེངས་གཅིག་མཇལ་བ་ཙམ་གྱིས་སྐྱེ་བ་བདུན་ལ་བསོད་ནམས་ཀྱི་ཚོགས་བསགས་ཐོབ།
བཀའ་འགྱུར་ལུང་བྲིས་མ།
        ལོ་རྒྱུས་ཡིག་ཆར་བཀོད་པ་ལྟར་ན་ཆིན་ཁང་ཤིའི་རྨོ་མོ་རྒྱལ་ཡུམ་ཞའོ་ཀྲོང་(孝庄)ལགས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་དད་མོས་ཤིན་ཏུ་ཆེ།  རྒྱལ་ཡུམ་ལགས་ཀྱིས་འགྲོ་གྲོན་བསྡུ་རབ་བྱས་པ་དང་ཁང་ཤིས་བཀའ་བཀོད་ལྟར་བསྡོམས་པའི་གསེར་སྲང་1782ཞུན་མར་བརྡར་ནས་ཡིག་མཁན་171གིས་མཐིང་ཤོག་ལ་བྲིས་པ་ཡིན།  བཀའ་འགྱུར་ལུང་བྲིས་མར་ཐོག་མར་གོང་མའི་ཕོ་བྲང་གི་ཚི་ཉིན་ཕོ་བྲང་(紫禁城慈宁宫)ཏུ་མཆོད་བཞུགས་གནང་ཡོད། ལོ་རེའི་དུས་ཆེན་གལ་ཆེན་ལ་སྐྱེས་ཆེན་གྱི་དགེ་འདུན་པས་ཀློག་འདོན་བྱེད་པ་ཡིན།  1949ལོར་བཀའ་འགྱུར་ལུང་བྲིས་མ་གླེགས་བམ་ཆ་ཚང་ཐའེ་ཝན་དུ་དབོར་འདྲེན་བྱས་པ་དང་ཐའེ་པའེ་གནའ་བོའི་ཕོ་བྲང་(台北故宫)གི་རྟེན་ནོར་གཙོ་བོ་ཡིན། བཀའ་འགྱུར་ལུང་བྲིས་མ་དེ་ནི་ལོ་རྒྱུས་རིང་ལ།  གླེགས་བམ་མང་ལ་མཛེས་རིས་བཀོད་པ་རྒྱ་ཆེ་བའི་བོད་བརྒྱུད་ནང་བསྟན་གྱི་རིག་དངོས་བླ་མེད་ཅིག་ཡིན།


        བཀའ་འགྱུར་ལུང་བྲིས་མར་ཆོས་ཚན་1057བསྡུས་ཡོད་པ་དང་པོད་108ལ་ལྡེབ་ཤོག་ཁྲི་10ལྷག་བཞུགས།  ལྡེབ་ངོས་ཀྱི་དཀྱུས་ལ་ལིས་རྨིས་87.5དང་ཞིང་ཚད་ལ་ལིས་རྨིས་33ཡོད། པོད་རེར་ལྡེབ་300-500ཙམ་ཡོད།
        བཀའ་འགྱུར་ལུང་བྲིས་མའི་བཀོད་པ།
        གླེགས་བམ་རེར་དར་གོས་སེར་པོའི་གླེགས་ཐུམ་དང་སྐྱིང་ཁེབ་མེ་ཏོག་མའི་ནང་ཐུམ།  སེང་རས་སེར་པོའི་ནང་ཐུམ་གཉིས་རེ་བཅས་པོད་རེར་གླེགས་ཐུམ་ཕྱི་ནང་བར་གསེབ་བཞི་རེ་བསྡོམས་པའི་432ཡོད།  དར་ཚོན་སྣ་ལྔས་བརྒྱུས་པའི་གླེགས་ཐག་ལ་ཆབ་ལོང་རྒྱུ་ཟངས་གསེར་གྱིས་གྲུབ་ཅིང་འབྲུག་མགོའི་རི་མོ་བརྐོས་ཡོད་པ་ཆ་ཚང་108ཡོད།

གླེགས་ཤིང་།

        པོད་རེའི་གོང་འོག་ཏུ་གླེགས་ཤིང་ཕྱི་ནང་གཉིས་རེ་ཡོད། ཕྱི་མའི་ཞེང་ཚད་ལ་ལིས་རྨིས་91དང་ཞེང་ལ་ལིས་རྨིས་36.5།  མཐུག་ཚད་ལ་ལིས་རྨིས་5.5ཡོད།  ལྗིད་ཚད་ལ་སྤྱི་རྒྱ་8རེ་ཡོད། སྟེང་དུ་མི་ཎི་གཟུངས་ཡི་གེ་དྲུག་མ་སོགས་གཟུངས་སྔགས་སྣ་ཚོགས་བྲིས་ཡོད།  ཕྱི་མའི་གླེགས་ཤིང་ལ་སྔ་ཕྱི་གཉིས་རེ་བསྡོམས་པའི་216བཞུགས།
        ནང་མའི་གླེགས་ཤིང་ཞེང་ཚད་ལ་ལིས་རྨིས་87དང་ཞེང་ལ་ལིས་རྨིས་33།  མཐུག་ཚད་ལ་ལིས་རྨིས་3ཡོད། ནང་མའི་གླེགས་ཤིང་གོང་འོག་གཉིས་རེ་བསྡོམས་པའི་216བཞུགས་ཡོད།
        དེ་བཞིན་དར་ཚོན་སྣ་ལྔས་གྲུབ་པའི་ཞལ་ཁེབས་སྟེང་འབྲུག བཀྲ་ཤིས་རྟགས་བརྒྱད་སོགས་རི་མོ་སྣ་ཚོགས་གཙགས་ཡོད།
        གཞན་མུ་ཐི་ལི་དང་། དྲུ་མ།  གཡུ། མ་ནོ་སོགས་རིན་པོ་ཆེ་སྣ་ཚོགས་ཀྱིས་ཕྲ་རྒྱན་ཡོད་པ་པོད་རེར་རིན་པོ་ཆེ་133དང་གླེགས་བམ་ཡོངས་ལ་བསྡོམས་པའི་14364རྒྱན་ཡོད།

བཀའ་འགྱུར་ལུང་བྲིས་མའི་གླེགས་ཤིང་།

བར་བཅུག་ལྷ་སྐུ།
        ནང་མའི་གླེགས་ཤིང་སྟེང་སངས་རྒྱས་བྱང་སེམས་སྲུང་མ་སོགས་པོད་རེར་ལྷ་སྐུ་7རེ་བྲིས་བཞེངས་གནང་ཡོད་པ་བསྡོམས་པའི་ལྷ་སྐུ་756ཡོད། 
        བཀའ་འགྱུར་ལུང་བྲིས་མའི་མཚན་སྙན་གྲགས་འཛམ་གླིང་ཡོངས་ལ་ཁྱབ་ཡོད་ལ། ལོ་རྒྱུས་དང་རིག་དངོས་ཀྱི་རིན་ཐང་ཆེ་བའི་ནོར་བུ་ཞིག་ཡིན་པས།  ཆོས་ལུགས་པའམ་རིག་གཞུང་ཞིབ་འཇུག་པ་ཡོངས་ཀྱིས་མཐོང་ཆེན་བྱེད། ཐའེ་པེའི་ཕོ་བྲང་རྙིང་པས་དུས་ཡུན་ལོ་10རིང་དག་སྒྲིག་བྱས་ཏེ་2011ལོའི་ལོ་འགོར་བཀའ་འགྱུར་ལུང་བྲིས་མ་སློག་པར་ཏུ་ཚར་500བཏབ་སྟེ་འགྲེམས་སྤེལ་བྱས། གསར་ཏུ་པར་འགྲེམས་བྱས་པའི་བཀའ་འགྱུར་ལུང་བྲིས་མའི་རྒྱུད་ལ་དེབ་24།  ཤེར་ཕྱིན་ལ་དེབ་24། དཀོན་བརྩེགས་ལ་དེབ་6། ཕལ་ཆེན་ལ་དེབ་6། མདོ་སྣ་ཚོགས་ལ་དེབ་32།  འདུལ་པ་ལ་དེབ་16བཅས་དེབ་108བཞུགས།  གཞན་སྤྱིའི་དཀར་ཆག་དེབ་གཅིག  དབུ་སྐུའི་དཀར་ཆག་དེབ་གཉིས་བཅས་བསྡོམས་པའི་ཚར་རེར་དེབ་111བཞུགས།  2015ལོའི་ཟླ་12ཚེས་28ཉིན།  ཐའེ་པའེ་གནའ་བོའི་ཕོ་བྲང་གིས་ཐེངས་དང་པོ་བཀའ་འགྱུར་ལུང་བྲིས་མ་འགྲེམས་སྟོན་བྱས།
བོད་ཡིག་གི་བཀའ་བསྟན།
        རྒྱལ་བའི་བཀའ་བསྟན་འགྱུར་རིན་པོ་ཆེའི་ཡ་གྱལ་མདོ་སྨད་ལྷོ་ཕྱོགས་ཅོ་ནེའི་བཀའ་བསྟན་འགྱུར་རིན་པོ་ཆེ་གློག་དཔར་དུ་བཞེངས་བའི་ཚུལ་ཙམ་བརྗོད་པ་ལ། དེ་ཡང་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོས་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་དེ་དག་འོད་སྲུང་ལ་སོགས་ཉན་ཐོས་ཆེན་པོ་རྣམས་ཀྱིས་བཀའ་བསྡུ་ལན་གསུམ་མཛད་ནས་རྒྱལ་བའི་གསུང་རབ་སྡེ་སྣོད་གསུམ་ཞེས་་གཏན་ལ་ཕབ། དེ་ནས་རིམ་བཞིན་བོད་དུ་ཆོས་རྒྱལ་མེས་དབོན་ལ་སོགས་སྤྲུལ་བའི་རྒྱལ་བློན་ཆེན་པོ་རྣམས་ཀྱིས་རྒྱ་གར་གྱི་པཎ་གྲུབ་དུ་མ་བོད་དུ་སྤྱན་དྲངས་ཏེ་ལོ་ཙཱ་བ་དང་དགེ་བའི་་བཤེས་གཉེན་རྣམས་ཀྱིས་ངལ་བ་ཁྱད་དུ་བསད་ནས་རྒྱལ་བའི་བཀའ་དང་དགོངས་འགྲེལ་ཐ་དག་ལེགས་པར་བསྒྱུར་ནས་བོད་དུ་རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པར་མཛད་ཅིང་། ཇོ་བོ་ཡབ་སྲས་དང་བུ་སྟོན་ཐམས་ཅད་མཁྱེན་པ། རྗེ་ཙོང་ཁ་བ་ཆེན་པོ། རྒྱལ་དབང་པཎ་ཆེན་རིམ་བྱོན་ལ་སོགས་པ་མཁས་གྲུབ་མང་པོས་རྒྱལ་བའི་གསུང་རབ་དགོངས་འབྲེལ་དང་བཅས་པ་ལ་འཆད་ཉན་མཛད་སྟེ་ཕྱོགས་ཀུན་ཏུ་དར་ཞིང་རྒྱས་པར་མཛད། དེ་དག་གིས་བསྟན་པའི་བྱ་བ་བདག་གིར་བཞེས་ཏེ་རྒྱལ་བའི་བཀའ་ཐམས་ཅད་བོད་ཀྱི་ཡུལ་གྲུ་སོ་སོ་ན་ཐོར་བུའི་ཚུལ་གྱི་བཞུགས་པ་ཐམས་ཅད་བསྟན་པའི་སྦྱིན་བདག་དང་རྒྱལ་བློན་ཆེན་པོ་རྣམས་ལ་བརྟེན་ནས་ཕྱོགས་གཅིག་ཏུ་བསྡུས་ཏེ་གླེགས་བམ་བཞེངས། དེར་ཡུལ་གངས་ཅན་གྱི་ལྗོངས་སུ་རྒྱལ་བའི་བཀའ་བསྟན་ཞེས་སུ་བསྒྲགས། དེ་ནས་སྔོན་བྱོན་རྒྱལ་བློན་ཐུགས་སྟོབས་ཅན་དང་སྦྱིན་བདག་བསོད་ནམས་ཅན་དུ་མས་བཀའ་བསྟན་འགྱུར་རིན་པོ་ཆེ་པར་ཤིང་དུ་བརྐོ་བར་མཛད། ཐོག་མར་རྒྱ་ཡུལ་དུ་མིང་རྒྱལ་རབས་སྐབས་ཀྱི་གཡུང་ལོའི་པར་བཀའ་འགྱུར་དང་། ཝན་ལི་པར་བསྟན་འགྱུར། ཆིན་རྒྱལ་རབས་སྐབས་ཀྱི་པེ་ཅིན་བཀའ་འགྱུར་པར་མ། ཡིན་ཀྲིན་ལོའི་པེ་ཅིན་བསྟན་འགྱུར་པར་མ། ཨ་མདོ་ཁམས་སུ་སྐུ་འབུམ་པར་བཀའ་འགྱུར་དང་། ཆབ་མདོའི་པར་བཀའ་འགྱུར་དང་། མདོ་སྨད་ཁུལ་དུ་ལི་ཐང་པར་བཀའ་འགྱུར་དང་། མདོ་སྨད་ལྷོའི་ཕྱོགས་སུ་ཅོ་ནེའི་པར་བཀའ་བསྟན་འགྱུར་དང་། སྡེ་དགེའི་པར་བཀའ་བསྟན་འགྱུར་དང་། སྣར་ཐང་པར་བཀའ་བསྟན་འགྱུར་གསར་མ་དང་། དབུས་སུ་ལྷ་ས་ཞོལ་པར་ཁང་དུ་ལྷ་སའི་པར་བཀའ་འགྱུར་དང་། སོག་ཡུལ་དུ་ཁུ་རེའི་པབཀའ་འགྱུར་བཅས་རིམ་པར་བྱུང་།  དེ་བཞིན་གསེར་བྲིས་ཀྱི་བཀའ་བསྟན་དངུལ་བྲིས་ཀྱི་བཀའ་བསྟན་སོགས་ཡོད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1