ཞི་ཅིན་ཕིང་གིས་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་མཐོ་རིམ་མི་ཆོས་རིག་གནས་སྤེལ་རེས་སྒྲིག་གཞིའི་གྲོས་ཚོགས་ཐེངས་དང་པོ་སྐོང་འཚོགས་བྱས་པར་བཀྲ་ཤིས་བདེ་ལེགས་ཞུ་བའི་འཕྲིན་ཡིག་བཏང་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 04-25


        ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་24ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་མཐོ་རིམ་མི་ཆོས་རིག་གནས་སྤེལ་རེས་སྒྲིག་གཞིའི་གྲོས་ཚོགས་ཐེངས་དང་པོ་པེ་ལེ་ཐོ་ལེ་ཡར་སྐོང་འཚོགས་བྱས་པར་བཀྲ་ཤིས་བདེ་ལེགས་ཞུ་བའི་འཕྲིན་ཡིག་བཏང་གནང་ཡོད་པ་རེད། 
        ཞི་ཅིན་ཕིང་གིས་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁ་གཉིས་ཀ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་དང་འཕེལ་རྒྱས་འགྲོ་མགྱོགས་ཤོས་རྒྱལ་ཁབ་ཀྱི་ཁོངས་གཏོགས་ཡིན། ཉེ་བའི་ལོ་ཤས་ནང་། རྒྱལ་ཁབ་གཉིས་པོའི་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བ་གོང་འཕེལ་ཆེན་པོ་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་བྱུང་ཡོད་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་འབྲས་ཐོབ་ཡོད། ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་མཐོ་རིམ་མི་ཆོས་རིག་གནས་སྤེལ་རེས་སྒྲིག་གཞི་ནི་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་བར་བཙུགས་པའི་མཐོ་རིམ་མི་ཆོས་རིག་གནས་སྤེལ་རེས་སྒྲིག་གཞི་དང་པོ་དེ་ཡིན་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་གཡོད་ཧན་ནེ་སི་བའོ་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱེད་པའི་བྱ་སྤྱོད་གལ་ཆེན་ཞིག་ཡིན། སྒྲིག་གཞི་འགོ་ཚུགས་པ་དེས་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་འབྲེལ་བའི་དམངས་འདོད་རྨང་གཞི་བརྟན་དུ་གཏོང་རྒྱུ་དང་། རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་ཤུགས་ཆེན་ཐེབས་རྒྱུ་རེད་ཅེས་ནན་སྟོན་གནང་ཡོད་པ་རེད། 
        ཞི་ཅིན་ཕིང་གིས་ཐེངས་འདིའི་སྒྲིག་གཞིའི་བྱེད་སྒོ་སྤེལ་རིང་ད་དུང་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་པུའུ་ཀྲང་རིམ་པའི་སྨན་བཅོས་འཕྲོད་བསྟེན་གྱི་མཉམ་ལས་གྲོས་ཚོགས་སྐོང་འཚོགས་བྱ་རྒྱུ་རེད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འཕྲོད་བསྟེན་མཉམ་ལས་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཛའ་གྲོགས་མཉམ་ལས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། འབྲེལ་ཡོད་ཕྱོགས་ཁག་ནས་ལག་གདང་སྦྲེལ་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འཕྲོད་བསྟེན་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་ལ་ཕན་བདེ་སྐྲུན་རྒྱུའི་རེ་བ་ཡོད་ཅེས་བསྟན་གནང་ཡོད་པ་རེད། 
        ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་སྐྱར་དར་མངོན་འགྱུར་བྱེད་པའི་ཀྲུང་གོའི་ཕུགས་མདུན་དང་ཨ་ཧྥེ་རི་ཁ་གླིང་གི་སྤྱི་ལོ་2063ལོའི་གྲོས་རིམ་ཞེས་པའི་ནང་བརྗོད་པའི་ཨ་ཧྥེ་རི་ཁ་གླིང་གི་ཕུགས་འདུན་གཉིས་ཚད་མཐོའི་འབྲེལ་མཐུད་བྱུང་ཡོད། ཀྲུང་གོའི་ཕྱོགས་ནས་ལྷོ་ཨ་ཧྥེ་རི་ཁ་ཚུད་པའི་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དང་ལྷན་དུ་ལག་གདང་སྦྲེལ་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཉམ་ལས་མཉམ་རྒྱལ་དང་། ཐུན་མོང་གོང་འཕེལ་གི་དུས་རབས་གསར་པ་གཏོད་འདོད་ཡོད་ཅེས་ནན་སྟོན་གནང་ཡོད་པ་རེད། 
        ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ཙུའུ་མས་ཀྱང་གྲོས་ཚོགས་ལ་བཀྲ་ཤིས་བདེ་ལེགས་ཞུ་བའི་ འཕྲིན་ཡིག་བཏང་གནང་ཡོད་པ་དང་། ཁོང་གིས། ལྷོ་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཐོ་རིམ་མི་ཆོས་རིག་གནས་ཀྱི་སྤེལ་རེས་སྒྲིག་གཞི་བཙུགས་པ་ནི་ལྷོ་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་བར་གྱི་འབྲེལ་བ་བཟང་པོའི་དཔེ་མཚོན་གཞན་ཞིག་རེད། སྒྲིག་གཞི་དེས་རྒྱལ་ཁབ་གཉིས་པོའི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་ཐེབས་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་བར་ཕན་ཚུན་བསམ་ཤེས་ཆེ་རུ་བཏང་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་མཐོ་རུ་གཏོང་བ་དང་། ལྷོ་ཨ་ཧྥེ་རི་ཁ་དང་ཀྲུང་གོ་གཉིས་ཐུན་མོང་དར་རྒྱས་འགྲོ་བའི་ཡིད་ཆེས་ཡོད་ཅེས་གསུངས་ཡོད་པ་རེད། 


  
,   
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1