༄༅།།མི་ཚེ་དང་ཐོས་ཀློག་གི་བརྒྱུད་རིམ།
བདུད་རྩི། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-26
(ཟི་ལིང) བདུད་རྩི།
རྗེ་ཙོང་ཁ་བ་ཆེན་མོས་རྟོགས་བརྗོད་འདུན་ལེགས་མ་ལས། དང་པོ་རྒྱ་ཆེན་ཐོས་པ་མང་དུ་བཙལ། ། བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། ། ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླང་ཞེས་གསུངས་པར་བརྟེན་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་སྙེག་མཁན་དག་གིས་ཐོས་བསམ་སྒོམ་གསུམ་ཕྱོགས་ཀྱི་དམིགས་བྱ་བླ་ན་མཐོ་བ་བསྟན་ཡོད་པས། སོ་སོ་སྐྱེ་བུའི་འཇིག་རྟེན་པའི་དམིགས་བྱ་དང་བར་ཐག་ཧ་ཅང་རིང་བོ་ཡོད་པར་མཐོང་སླ་ན་ཡང་། སྨྲ་ཤེས་དོན་གོ་བ་མིའི་མཚན་ཉིད་ཅེས་པ་ལས། ང་ཚོར་དྲན་བརྡ་གསལ་བོ་ཞིག་བཏང་བ་ནི། འགྲོ་བ་མིར་མཚོན་ན། ཤ་ཁྲག་ལ་བརྟེན་པའི་ཕུང་བོ་མེད་དུ་མི་རུང་མོད། སྨྲ་ཤེས་དོན་གོ་བ་ཞེས་པས་སྲོག་ལྡན་གཞན་དང་བར་མཚམས་གསལ་བོར་བཅད་ཅིང་། ཐོས་ཀློག་ལ་བརྟེན་པའི་ཤེས་རབ་དེ་ལྷག་པར་གལ་ཆེ་བར་བསྟན་ཡོད། མདོར་ན་ཤ་ཁྲག་གི་ཕུང་བོར་གྲུབ་པའི་ནུས་པ་དར་བའི་སྟེང་ཤེས་པ་དང་གོ་བའི་ཡོན་ཏན་རྣམ་པར་རྒྱས་པས་ན། ད་གཟོད་ངེས་པ་དོན་གྱི་མི་ཞིག་གི་མཚན་ཉིད་ཚང་བ་རེད།
འགྲོ་བ་མིའི་རིགས་ལ་མཚོན་ན། ཤ་ཁྲག་གི་ཕུང་བོར་གྲུབ་པའི་ནུས་པ་དེ་གཙོ་བོར་དབང་བོ་ལྔའི་བཟུང་འཛིན་གྱི་ནུས་པ་དང་ཀླད་ཤུགས་ཀྱི་བསམ་དཔྱོད་ཀྱི་ནུས་པ་གཉིས་སུ་འདུས་ཤིང་། དེ་གཉིས་ཟུང་སྦྲེལ་གྱི་ལས་ཀྱང་ཐོག་མར་གསོག་པ་དང་། བར་དུ་དཔྱད་པ། ཐ་མར་གོམས་པའི་རྒྱུད་རིམ་ཡོད་དགོས། དཔེར་ན། མིག་ཤེས་ཀྱི་མདོག་འཛིན་ནུས་པ་ལྟ་བུར་མཚོན་ན་ཡང་། ཐོག་མར་ཁ་དོག་རེ་གཉིས་ནས་བརྩམས་ཏེ། རིམ་བཞིན་ཞིབ་ཕྲའི་ངེས་འཛིན་ལ་འཕེལ་དགོས་པ་ནང་བཞིན། ཐོས་ཀློག་ལ་དེ་བས་ཕུན་སུམ་ཚོགས་པའི་གོ་དོན་དང་རྒྱུད་རིམ་ལྡན་པས། མི་ཚེ་ནི་ཐོས་ཀློག་དང་འབྲལ་མེད་པའི་བརྒྱུད་རིམ་ཞིག་ཡིན་པར་མ་ཟད། ཐོས་ཀློག་ལ་ཡང་གསོག་དཔྱད་གོམས་གསུམ་གྱི་ཁྱད་ཆོས་ཚང་དགོས།
ཐོས་ཀློག་གི་གསོག་པ་དེ་ཐོག་མར་ཤེས་བྱར་འཇུག་པ་ནས་མགོ་བརྩམས་པའི་མི་ཚེའི་རྒྱུད་རིམ་ཞིག་ཡིན། དབྱིབས་དང་ཁ་དོག་ལྟ་བུའི་ངོས་འཛིན་ལ་མཚོན་ན་ཡང་། ངེས་པར་རིག་གནས་མ་ལག་གམ་སྲོལ་རྒྱུན་ཞིག་གི་རྒྱབ་ལྗོངས་ལ་བརྟེན་ནས་ངོས་འཛིན་དགོས་པ་ཅི་བཞིན། ཐོས་ཀློག་གི་རྒྱུད་རིམ་དེའང་རིགས་ལམ་གྱི་མ་ལག་ཚང་ཞིང་འཕེལ་རྒྱས་ཀྱི་སྲོག་དབང་ལྡན་པའི་སྲོལ་རྒྱུན་རིག་གནས་ཤིག་ལ་བརྟེན་ནས་མགོ་རྩོམ་དགོས། སྤྱིར་དུས་རྒྱུན་འགའ་རེས་དེང་རབས་རིག་གནས་ཞེས་པར་བརྟེན་ནས། འགྲོ་བ་མིའི་རིགས་ལ་ཐུན་མོང་དུ་གྲུབ་པའི་རིག་གནས་ཤིག་ཡོད་ཚུལ་གླེང་དཀའ་ན་ཡང་། རིག་གནས་དེ་དག་ཀྱང་སྲོལ་རྒྱུན་དང་བྲལ་བའི་རང་རྐྱ་ཐུབ་པའི་རིག་གནས་ནང་ཚན་དག་མ་ཡིན་པར། སྲོལ་རྒྱུན་གྱི་རྒྱུ་ངེས་ཅན་ལས་འབུས་དང་འབུས་བཞིན་པའི་ཡལ་འདབ་དག་ཡིན་པ་ཤེས་གལ་ཆེའོ། སྤྱིར་སེར་པོ་ལྟ་བའི་ཁ་དོག་ལ་མཚོན་ན་ཡང་། རྒྱ་བོད་སོག་གསུམ་གྱི་ཡི་གེ་ལས་གང་དེའི་མིང་ཙམ་ངོས་ཟིན་པ་ཙམ་གྱིས་ཁ་དོག་དེར་འདུས་རིག་གནས་རྟོགས་མེད་པ་རེད། རྒྱུ་མཚན་ནི་རྒྱ་ནག་གི་སྲོལ་རྒྱུན་ལྟར་ན། སྡིག་པ་དང་ཆགས་སྲེད་སོགས་ཀྱི་གོ་དོན་ཡོད་པ་དང་། བོད་ཀྱི་སྲོལ་རྒྱུན་ལྟར་ན། དགེ་བ་དང་བླ་ན་མཐོ་བའི་གོ་དོན་ལྡན་ལྟ་བུའོ། སྤྱིར་དབང་ཤེས་ལ་བརྟེན་དགོས་པའི་དབྱིབས་དང་ཁ་དོག་ནས་མགོ་བརྩམས་ཤིང་། རིམ་བཞིན་འཕེལ་རྒྱས་དང་འཐུས་ཚང་དུ་གྲུབ་པའི་ཐོག་མའི་མ་ལག་དང་། བསྡུར་གྲུབ་མ་ལག་དང་སྡེབ་གྲུབ་མ་ལག་སོགས་རིག་གནས་གྱི་རྩ་ལག་ཡང་ལག་ཐམས་ཅད་ཀྱང་། སྲོལ་རྒྱུན་སོ་སོའི་རྩ་བའི་བརྡ་ཆད་སྲོག་ཤིང་དུ་གནས་ཤིང་གྲུབ་པའི་མ་ལག་དང་ཡང་ལག་ཡིན་པ་ལས། ཆར་ཤུལ་གྱི་འཇའ་ཚོན་ལྟར་གློ་བར་དུ་བྱུང་ཞིང་ཡལ་བའི་བདག་ཉིད་ཅན་མིན་པས། ཐོས་ཀློག་གི་གསོག་པར་མཚོན་ན་ཡང་། ཅིས་ཀྱང་རང་རྐྱ་ཐུབ་པའི་སྲོལ་རྒྱུན་ཞིག་གཞིར་བཟུང་ནས་མགོ་རྩོམ་དགོས། དེར་བརྟེན་ནས་རིག་གནས་ཕྱོགས་ཀྱི་ཐོག་མའི་ཐིག་རྩ་བྱུང་དགོས་ཤིང་། གང་དེའི་ཡན་ལག་དང་རིག་གནས་གཞན་པའི་བར་གྱི་དཔྱད་བསྡུར་ལ་བརྟེན་ནས་བསྡུར་གྱུར་མ་ལག་བྱུང་ཞིང་། ལྟོས་བཅས་སུ་ཕན་ཚུན་བར་འབྲེལ་བ་མེད་པའི་རིག་གནས་ནང་ཚན་གཉིས་ཡན་སྡེབ་ནས་འཇུག་པར་བརྟེན་ནས་སྡེབ་གྲུབ་མ་ལག་བྱུང་བ་ཡིན། རིག་གནས་ཀྱི་རྣམ་པ་དེ་གསུམ་གྱིས་ད་ལྟའི་རིག་གནས་ཀྱི་ཡོད་ཚད་གྲུབ་ཡོད་པ་དང་། མ་འོངས་པའི་འཕེལ་རྒྱས་ཀྱང་དེ་གསུམ་ལ་བརྟེན་དགོས། མདོར་ན་སྲོལ་རྒྱུན་གྱི་ཐིག་རྩ་མེད་པའི་རིག་གནས་ནང་ཚན་གྱི་རྒྱུ་ཆ་ཕུན་སུམ་ཚོགས་པ་ཞིག་ལ་ཐོས་ཀློག་ཡོད་ན་ཡང་། ཤིང་བཟོ་ཞིག་གི་མདུན་དུ་སྤངས་པའི་ཤིང་སྣེ་སྣ་ཚོགས་དང་མཚུངས་པས། ཅོག་ཙེ་ལྟ་བུའི་ཐིག་རྩ་ཡོད་པར་བརྟེན་ནས་འཚོལ་བསྡུ་བྱས་པའི་ཤིང་སྣེ་འགའི་ནུས་པ་འདོན་དཀའོ། དེའི་རྐྱེན་གྱིས་ཐོས་ཀློག་གི་གོ་རིམ་དེའང་ཐིག་རྩ་ཡོད་པ་དང་བླང་དོར་ཡོད་པའི་གོ་རིམ་ཞིག་ཡིན་དགོས་པ་ཆེས་གལ་ཆེ་བའི་གནད་ཡིན་ནོ། །
ཐོས་ཀློག་གི་དཔྱད་བསྡུར་བརྒྱུད་རིམ་ནི་མི་ཚེའི་ཤེས་རབ་འཕེལ་བའི་མྱུར་ལམ་གཅིག་པུ་ཡིན། མིག་ཤེས་འཛིན་ཡུལ་ཁ་དོག་ལྟ་བུར་མཚོན་ན་ཡང་། སྲོལ་རྒྱུན་བྱེ་བྲག་པས་དེར་བཅུག་གོ་དོན་བར་གྱི་དཔྱད་བསྡུར་ལ་བརྟེན་ནས། དེར་འབྲེལ་ཤེས་རྒྱ་བསྐྱེད་ཐུབ་པ་ཅི་བཞིན། སྲོལ་རྒྱུན་ཞིག་གཞིར་བཞག་གི་མ་ལག་དང་ཡང་ལག་བཅས་ཀྱི་ནང་ཁུལ་གྱི་དཔྱད་བསྡུར་དང་། སྲོལ་རྒྱུན་གཞན་པའི་བར་གྱི་དཔྱད་བསྡུར་ལ་བརྟེན་ནས། རང་རང་གི་ཤེས་རབ་དང་འཚམས་པའི་རིག་གནས་ཀྱི་གོ་བ་དང་མ་ལག་ཆགས་ཐུབ་པར་མ་ཟད། ཐབས་ལམ་གཞན་དག་ལས་མྱུར་ཞིང་ཡང་དག་པའི་རྟོག་པ་རྒྱས་ཐུབ་པའི་ཐབས་ལམ་ཞིག་ཀྱང་ཡིན་པས་ན། ཐོས་ཀློག་གི་དཔྱད་བསྡུར་གོ་རིམ་ཡང་མི་ཚེ་ཞིག་མཇུག་རྫོགས་པའི་རྒྱུན་སྐྱོང་དགོས་པ་ཞིག་ཀྱང་ཡིན། དེ་ལྟ་བའི་མི་ཚེ་ཞིག་ལ་ད་གཟོག་ཤེས་རབ་ལ་མཚམས་མ་ཆད་པའི་མི་ཚེའི་བརྒྱུད་རིམ་ཞེས་སྨྲས་ཆོག་གོ །
ཐོས་ཀློག་གི་གོམས་སྤྱོད་ནི་མི་ཚེའི་ལག་ལེན་དང་མཐར་ཐུག་གི་དམིགས་འབེན་ཡིན། སྤྱིར་ཁ་དོག་གི་ངེས་འཛིན་ཙམ་ལ་བརྟེན་ནས་ཀྱང་། མི་ཚེའི་སྤང་བླང་ཕྱོགས་ཀྱི་ཤེས་རབ་ཅིག་ཐོབ་ཐུབ་པ་ནང་བཞིན། རིག་གནས་སྲོལ་རྒྱུན་ཞིག་གི་རྩ་ལག་དང་ཡང་ལག་ཐམས་ཅད་དུའང་། མི་ཚེའི་ཐོག་མཐའ་བར་གསུམ་གྱི་ལག་ལེན་དང་མཐར་ཐུག་གི་དམིགས་འབེན་འདུས་ཡོད། སྤྱིར་དགེ་བའི་ལས་ལ་ཕྱོགས་ཤིང་སྡིག་པའི་ལས་སྤངས་བའི་ལག་ལེན་ལ་བརྟེན་ནས། མི་རང་ཉིད་དང་གཞན་པའི་བདེ་བ་བསྐྲུན་ཐུབ་པ་ཅི་བཞིན། ཐོས་ཀློག་གི་གོམས་སྤྱོད་དེ་ཡང་སོ་སོའི་ལུས་ངག་ཡིད་གསུམ་དུ་གོམས་སྤྱོད་བྱུང་རྒྱུ་ནི་ཧ་ཅང་གལ་ཆེ་བའི་གནས་སོ། ལུས་ངག་ཡིད་གསུམ་ལ་གོམས་སྤྱོད་མེད་པའི་རིག་གནས་རྒྱུ་ཆ་མང་དུ་གསོག་ཤིང་། དེར་བསྟུན་གྱི་ནུས་པ་ཆེན་པོ་ཡོད་ན་ཡང་། སྤང་བླང་གི་ཚོད་འཛིན་མེད་པ་ཞིག་ལ་མཚོན་ན། ཐོས་བྱུང་ནུས་པ་ཇེ་ཆེར་གྱུར་བའི་གཅན་གཟན་ཞིག་ཏུ་མི་འགྱུར་བའི་ངེས་པའང་མེད་དོ། དེའི་རྐྱེན་གྱིས་དང་པོ་རྒྱ་ཆེན་ཐོས་པ་མང་དུ་བཙལ། ། བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། ། ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླང་ཞེས་པ་ལས། ང་ཚོར་མི་ཚེ་དང་ཐོས་ཀློག་ཕྱོགས་ཀྱི་ཁ་ཕྱོགས་གསལ་བོ་ཞིག་བསྟན་ཡོད་དོ། །
(མཚོ་སྔོན་ཁྲིམས་ལུགས་ཚགས་པར་ཁང་གི་འཕྲིན་སྟེགས་ལས་བཤུས།)
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1