གངས་དཀར་རིགས་གསུམ་མགོན་པོ་ནི་འདབ་པ་རྫོང་ཁོངས་ཉི་སྟེང་ཞེས་པ་དེར་ཡོད། དེའང་རྫོང་སྲིད་གཞུང་ཆགས་གནས་བཅིངས་འགྲོལ་གྲོང་རྡལ་ནས་ལྷོ་ཕྱོགས་སྤྱི་ལེ་བརྒྱ་ལྷག་ཙམ་གྱི་མཚམས། རྫ་པ་ཡུལ་ཤོག་གི་ཁོངས་སུ་གངས་རིའི་ར་བས་ཡོངས་སུ་བསྐོར་བའི་ནང་དུ་ཁྱད་དུ་འཕགས་པའི་བྱང་རི་སྤྱན་རས་གཟིགས་དང་། ལྷོ་རི་འཇམ་པའི་དབྱངས། ཤར་རི་ཕྱག་ན་རྡོ་རྗེ་སྟེ་གངས་དཀར་རིགས་གསུམ་མགོན་པོ་ཞེས་ལྷུན་པོར་ཆགས། རི་རྩེའི་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨིའི་དྲུག་སྟོང་ཙམ་ཡོད། དེའི་རྩ་འདབས་མཚེའུ་དང་ནགས་ཚལ། སྐེད་པ་འཁྱག་ཀླུང་དང་གངས་རི། རྩེ་མོ་སྲིད་པ་ཆགས་པའི་གངས་རྒན། དེར་སེངྒེ་དང་གཅན་གཟན་སྟག་གཟིག་དམ་དྲེད། རི་དྭགས་ཤྭ་གནའ་དགོ་གསུམ། ཆུང་ཉ་སྦལ་ལྕོང་མོ། འདབ་ཆགས་བྱ་བྱེའུ་སྣ་ཚོགས་འཛོགས་ནས་ཡུལ་འདི་བདག་ཏུ་བཟུང་ཞིང་། ཤ་མོ་རྩི་ཐོག་སོགས་ཅི་དགར་ལོངས་སུ་སྤྱོད་ཅིང་། རྩྭ་མཉམ་ཟ་ཆུ་མཉམ་འཐུང་། ཕར་རྩོད་ཚུར་རྩོད་གང་ཡང་མེད་པ་ཤིན་ཏུ་མཐུན་ཞིང་འཆམ་པོར་གནས་ལ། བདེ་སྐྱིད་ཕུན་སུམ་ཚོགས་པ་བྱུང་བས། ཀུན་གྱིས་ཡིད་སྨོན་དུ་གྱུར་ཏེ་སེམས་ཀྱི་ཉི་ཟླ་ཞེས་བྱ་ཡོངས་སུ་གྲགས། སྤྱི་ལོ་2001ལོའི་ཟླ་བ་6པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉི་སྟེང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་ཞེས་ཆོག་མཆན་གནང་པ་དང་། སྤྱི་ལོ་2003ལོའི་ཟླ་བ་7པར་མཉམ་འབྲེལ་རྒྱལ་ཚོགས་སློབ་ཚན་རིག་གསུམ་རྩ་འཛུགས་ཀྱིས་ཡར་སྟེང་འགྲོ་བ་མི་དང་སྐྱེ་ཁམས་བར་གྱི་འཆམ་མཐུན་མཉམ་གནས་སྲུང་སྐྱོང་ས་ཁུལ་བརྡ་གཏོང་གློག་ལམ་དྲ་བར་བཙུད་པ་སོགས་ལྷ་ཡུལ་ལྟར་ལྷག་པའི་བསྟོད་བསྔགས་བྱས་པ་དང་། ཉེར་ལམ་ཡང་ཉི་སྟེང་རྒྱལ་ཁབ་5Aལྔ་རིམ་པའི་ལྗོངས་རྒྱུའི་མཛེས་ལྗོངས་ཀྱི་གྲས་སུ་འཇོག་རྒྱུའི་སྙན་ཞུ་ཕུལ་བཞིན་པ་རེད།
ཕྱག་ན་རྡོ་རྗེའི་གནས་རི།
དེ་ལྟར་དེང་སང་རྒྱལ་ཁབ་མང་པོའི་ས་ཁམས་པ་དང་། མྱུལ་དཔྱད་པ། ལྗོངས་རྒྱུ་པ་སོགས་ཀྱི་ཆེད་ལས་མཁས་ཅན་མང་པོས་དཔྱད་ཞིབ་བྱས་འབྲས་ནི་མིག་མཐོང་ལག་ཟིན་གྱི་གནས་ལུགས་ཡིན་ལ། ཀུན་གྱིས་ཀྱང་དེ་ལ་དད་གུས་སྤྲོ་གསུམ་གྱིས་ཡིད་ཆེས་དང་ལེན་བྱས་དང་བྱེད་བཞིན་པ་ནི་འོས་ཤིང་འཚམས་ཀྱི་ཁ་ཡོད་ལག་ཡོད་ཀྱང་རེད། འོན་ཀྱང་རང་རེ་བོད་ཀྱི་སྔོན་བྱོན་དམ་པ་དེ་ཚོས་ཀྱང་ལོ་ངོ་བརྒྱ་ཕྲག་མང་པོའི་སྔོན་དུ་ནས་མཛེས་ལྗོངས་དེ་དག་ལ་བསྟོད་བསྔགས་དང་། གནས་ཡིག་བྲིས་པ་སོགས་ཐབས་སྣ་ཚོགས་ཀྱིས་སྐྱེ་དངོས་ཁམས་ལ་སྲུང་སྐྱོབ་བྱས་པ་ནི་དེ་བས་ཀྱང་ངོ་མཚར་དགོས་ལ་དྲན་ཤེས་དང་དྲིན་གཟོ་དགོས་པ་སྙམ་སྟེ། དཔེར་ན། གངས་དཀར་རིགས་གསུམ་མགོན་པོའི་སྔོན་གྱི་གནས་ཡིག་རྙིང་པ་ཞིག་ལས།
གནས་ཆེན་ཁྱད་འཕགས་གངས་དཀར་མཆོག་གསུམ་ཞེས། །པཎ་གྲུབ་དུ་མས་བྱིན་གྱིས་བརླབས་པའི་གནས། །རྡོ་རྗེའི་གདན་དང་ཚུལ་མཚུངས་འགྲན་ཟླ་བྲལ། །རིགས་གསུམ་མགོན་པོའི་ལོགས་སུ་རྒྱུད་སྡེ་བཞི། དཔའ་བོ་དཔའ་མོ་སྤྲིན་བཞིན་འདུས་པའི་གནས། །གནས་མཆོག་གངས་དཀར་མཆེད་གསུམ་བསྐོར་བའི་ཕན་ཡོན་ནི། འཇང་བོད་གཉིས་ཀྱི་ས་མཚམས་སུ། གངས་དཀར་རིགས་གསུམ་མགོན་པོ་ལ་རང་བསྐོར་གསུམ་བྱས་ན། ཙཱ་རི་རང་བསྐོར་གཅིག་དང་འདྲ། མི་རྟ་བཅོ་བརྒྱད་བསད་པའི་སྡིག་པ་དག་ཐབས་ཡོད། རང་བསྐོར་གཅིག་གི་མ་ཎྀ་དུང་ཕྱུར་བརྒྱད་དང་མཚུངས། གསུམ་བསྐོར་གཅིག་ལ་མ་ཎྀ་དུང་ཕྱུར་གསུམ། རྐྱང་བསྐོར་གཅིག་ལ་མ་ཎྀ་དུང་ཕྱུར་གཅིག གླིང་བསྐོར་གཅིག་ལ་མ་ཎྀ་དུང་ཕྱུར་གཅིག་ངག་ནས་བཏོན་པའི་འགྱུར་སྐྱེད་ཡོད་པ་སོགས་ལུང་བསྟན་ཏོ། །བྱ་ལོ་ནམ་ཤར་དུ་གངས་དཀར་རིགས་གསུམ་མགོན་པོའི་གནས་འདུས་ཡིན་ལ། དེ་དུས་ཕྱོགས་བཅུའི་ཞིང་གི་ལྷ་ཚོགས་འཁོར་དང་བཅས་པ་གནས་དེ་ཉིད་དུ་འདུས་པས་རྒྱུན་པ་ལས་ཀྱང་ལྷག་པའི་འགྱུར་སྐྱེད་ཆེ། ཅེས་གསུངས་སོ། །
འཇམ་དཔལ་དབྱངས་ཀྱི་གནས་རི།
དེ་བཞིན་དུ་གངས་དཀར་རིགས་གསུམ་མགོན་པོའི་གནས་བཤད་བསྡུས་པ་འདི་བཀོད་པ་དང་འབྲེལ། སྨད་མདོ་ཁམས་སྒང་གསུམ་དུ་རི་རྒྱུད་གངས་ལས་འབྲེལ་ཞིང་། གནས་མིང་ཡང་གངས་ཀྱི་མིང་གི་ཆ་ཤས་དང་མ་བྲལ་བའི་ཡུན་ནན་བདེ་ཆེན་གྱི་རོང་བཙན་ཁ་བ་དཀར་པོ་དང་། དཀར་མཛེས་ལི་ཐང་གི་ཀཾ་པོ་གངས་ཀྱི་ར་བ། འདབ་པའི་གངས་དཀར་རིགས་གསུམ་མགོན་པོ། དར་མདོའི་གངས་དཀར་རི་བོ་བཅས་དང་བཞི་ནི། སྔོན་དུས་བོད་ཀྱི་མཁས་གྲུབ་མང་པོ་ཞབས་ཀྱིས་བཅགས་ཤིང་ཡུལ་སྐོར་བརྗེད་ཐོའམ་གནས་ཡིག་ཏུ་གངས་རི་འདི་བཞི་གནས་ཆེན་གཅིག་ལས་གྱེས་པའི་གནས་ལག་ཡིན་པའི་གནས་ཡིག་རྒྱས་བསྡུས་མང་པོ་བྲིས་ཡོད་པ་དང་། གནས་ནང་དུ་ལོ་ཟླ་སྦྲེལ་ཏེ་སྐུ་མཚམས་བཅད་རྒྱ་དུ་བཞུགས་ནས་མི་སློབ་པའི་ཟུང་འཇུག་ཐོབ་པའི་གྲུབ་ཆེན་མང་པོ་བྱུང་བའི་ལོ་རྒྱུས་ཀྱང་ཡོད་པ་རེད། རྒྱའི་ལྗོངས་རྒྱུ་པ་སྙན་གྲགས་ཅན་ཞུས་ཞ་ཁེ(徐霞客1587-1641)ཡིས་ཀྱང་རི་བོ་འདི་དག་གནས་མཆོག་ཤམ་བྷ་ལར་བརྩིས་ཏེ། ཁོང་གི་ཡུལ་སྐོར་བརྗེད་ཐོའི་ནང་དུ་ཐར་ཐོར་བཀོད་ཡོད་པ་དང་། དེ་ནས་ཨ་མེ་རི་ཁའི་ཡོའེ་སེ་ཧྥུ་ལོ་ཁེ་(约瑟夫·洛克1884--1962)གནས་འདི་དག་ཏུ་ལན་མང་ཕེབས་ཏེ་དཔྱད་ཞིབ་མཛད་འབྲས་པར་རིས་དང་། འདྲ་པར། མྱུལ་དཔྱད་ལམ་སྟོན་ས་ཁྲ་སོགས་ཨ་རིའི་རྒྱལ་ཁབ་དངོས་ཁམས་དུས་དེབ་ཅེས་པའི་ཐོག་བཀོད་མྱངས་བ་དང་། དེ་མཚུངས་དབྱིན་ཇི་བ་རྩོམ་པ་པོ་ཀྲད་མུའུ་སི་ཤིས་ཨར་ཏུན་(瞻姆斯·希尔顿)གྱིས་ལོ་ཁེའི་ཡུལ་སྐོར་བརྗེད་ཐོ་རྒྱབ་ལྗོངས་བྱས་ཏེ་བརྩམས་པའི་ཡལ་བའི་ས་གཞིའི་མུ་མཐའ་(《消失的地平线》)ཞེས་པའི་སྒྲུང་དེབ་སོགས་སུ་གནས་མཆོག་འདི་དག་བཀོད་ཡོད་པ་དང་། དེང་སང་རྒྱལ་སྤྱིའི་ས་ཁམས་པ་དང་། མྱུལ་དཔྱད་པ། ལྗོངས་རྒྱུ་པ་སོགས་ཀྱི་ཆེད་རམས་པ་མང་པོས་གནས་མཆོག་འདི་དག་གི་ས་གཤིས་དང་། རང་བྱུང་ཁམས་ཀྱི་སྐྱེ་དངོས་སྣ་མང་ལྡན་པའི་ཐུན་མིན་ཁྱད་ཆོས་འདི་འདྲ་ཡོད་པ་ནི་འཛམ་གླིང་དུའང་ཤིན་ཏུ་དཀོན་པའི་གྲས་སུ་རྩི་བཞིན་པ་རེད། དེས་ན་བོད་མིར་གནས་སྐོར་རིག་གནས་དང་། གནས་རི་སྲུང་སྐྱོབ་བྱེད་པའི་གདོད་མའི་འདུ་ཤེས། སྲུང་སྐྱོབ་བྱེད་པའི་ཐུན་མིན་གྱི་ཐབས་ཤེས་འདི་འདྲ་ཡོད་པ་ནི་ཡ་མཚན་དགོས་ལ་སྔོན་བྱོན་མེས་པོའི་མཛད་རྗེས་རླབས་པོ་ཆེ་འདི་ནི་བོད་ཡུལ་ཙམ་ལ་མ་ཡིན་པ་འཛམ་གླིང་ཧྲིལ་པོའི་ཁྱོན་ཡོངས་ལ་བཞག་པའི་རྫོགས་མཐའ་མེད་པའི་ཤུལ་བཞག་ཅིག་ཡིན་པས། དེང་དུས་རང་རེ་རྣམས་ཀྱིས་དེར་སྲུང་སྐྱོབ་དང་རྒྱུན་སྐྱོང་བྱ་བ་ནི་སྔོན་བྱོན་མེས་པོ་རྣམས་ལ་དྲིན་གཟོ་བ་དང་། ཕྱི་འབྱུང་འགྲོ་བ་མི་དང་བཅས་པའི་རང་བྱུང་ཁམས་བར་འཆམ་མཐུན་དང་། འཕྲལ་བདེ་ཕུགས་སྐྱིད་ཀྱི་ཕུགས་འདུན་བླ་ན་མེད་པ་ཡིན་པའོ། །གོང་ཞུས་གངས་རི་བཞིའི་གནས་ཡིག་ཁོ་བོས་བསྒྲིགས་པའི་མི་རིགས་དཔེ་སྐྲུན་ཁང་གིས་༢༠༠༥ལོར་པར་དུ་བསྐྲུན་པའི་མདོ་ཁམས་གནས་ཡིག་ཕྱོགས་བསྒྲིགས་སུ་ཅུང་རྒྱས་པ་ཡོད་པས་དེར་གཟིགས་པར་འཚལ། །
སྤྱན་རས་གཟིགས་ཀྱི་གནས་རི།