བུད་མེད་རྣམས་ཀྱི་མགོ་ལ་གཡུ་དང་བྱུ་རུ། མུ་ཏིག་མུ་མེན་དང་བ་སོ་སོགས་རིན་ཆེན་ཕྲ་ཚོམ་དག་ནི་རྒྱུ་སྐར་ལྟར་གྲངས་མང་ལ། མེ་ཏོག་བཞིན་དུ་མདོག་ཡག ཆོས་དུང་དཀར་པོའི་སྒྲ་དང་དྲི་ཞིམ་ཕྱོགས་ཀུན་འཐུལ་བའི་ལྷ་བསང་དཀར་པོའི་ཁྲོད་དུ། ཁམས་པའི་ཕོ་གསར་རྣམས་ཀྱིས་ལག་ཏུ་དཔའ་བོ་གེ་སར་གྱི་དགྲ་སྟ་བཟུང་བ་དང་། བྲང་ལ་བླ་མས་བྱིན་གྱིས་བརླབས་པའི་གའུ་བཏགས། སྐེད་ལ་སྐེད་གྲི་བཏགས། དགྲ་ལྷ་ཝེར་མས་གནམ་ནས་སྡོང་གྲོགས་མཛད། ཡུལ་ལྷ་གཞི་བདག་གིས་རྒྱབ་རྟེན་གནང་། ཁམས་པའི་ཕོ་རྒོད་ཀྱི་རྒྱ་ཆེའི་བསམ་པ་དེ་ཡངས་པའི་རྩྭ་ཐང་ཁྱོན་དང་མཉམ། སྙན་འཇེབས་པི་ཝང་གི་སྒྲ་ཡི་ཁྲོད་དུ་མི་ཉག་བུ་མོའི་སྒེག་ཉམས་སྟོན་པའི་གོམ་སྟབས་བསྒྱུར། དགའ་བའི་འཛུམ་མདངས་རབ་ཏུ་རྒྱས་པའི་སྐེད་མེད་མ་ཡིས་མིག་མདའ་ཕྱོགས་བཞིར་འཕེན། བྱུ་རུས་བརྒྱན་པའི་དངུལ་ཆབ་དང་མུ་ཏིག་གིས་ལེགས་པར་སྤུད་པའི་སྐེད་རྒྱན་དག་གི་བུ་མོའི་འགྲོས་དང་བསྟུན་པའི་སྙན་སྒྲ་ནི་དབྱངས་ཅན་མ་ཡི་རྒྱུད་མངས་སྒྲ་ལས་བྱུང་བར་ངེས། བཤད་སྲོལ་ལྟར་ནམ་མཁའི་ལྷ་མོས་ཁམས་པའི་ཕོ་རྒོད་དང་མོ་སར་ལ་ལྷག་པར་གཅེས་སྐྱོང་བྱས་པས། ཕོ་སར་མོ་སར་རྣམས་ཀྱི་ལུས་ལ་རིན་པོ་ཆེའི་བསོད་ནམས་ཡོངས་སུ་འཁོར། དེ་ལྟར་དུ། ཉག་ཆུ་སྔོན་མོས་ཚེ་རབས་དུ་མར་ཁམས་པའི་ཕོ་རྒོད་དང་མི་ཉག་བུ་མོའི་ཐུན་མོང་མ་ཡིན་པའི་དགེ་མཚན་སྐྲུན་བཞིན་ཡོད་པ་ཡིན་ནོ། །
མི་ཉག་འདྲ་པའི་ཡུལ་གྱི་བུད་མེད་ཀྱི་རྒྱན་གོས། ཧུའུ་ཞིན་མིང་གིས་པར་བླངས།
གཟབ་མཆོར་སྤྲས་པའི་མི་ཉག་ཕོ་རྒོད།
པད་མ་དབང་ཆེན་གྱིས་པར་བླངས།
ཞྭ་ལྷམ་གྱི་མིང་གི་དབྱེ་བ་བཤད་པ།
སྤྱིའི་ཞྭ་གྱོན་རྒྱུའི་ཐད་ལ་ཚེ་རིང་ཞྭ་མོ། ཝ་ཞྭ། ཚར་ཞྭ། ཕི་ཞྭ། ཕྱིང་ཞྭ་ལ་སོགས་པ་ཡུལ་ལུང་སོ་སོ་ལ་ཞྭ་རིགས་མི་འདྲ་དུ་མ་ཞིག་ཡོད། རྐང་ལ་གྱོན་རྒྱུའི་ལྷམ་རིགས་ལ་ཀོ་ལྷམ་དང་། རྒྱ་ལྷམ། འགྱིག་ལྷམ། ཀོ་དམར་ལྷམ། རས་ལྷམ། རས་འགོ་མ། འཇུར་རྟ། ཤོས་ཙི། ཕྲུག་ལྷམ། འཇའ་མ་ལ་སོགས་མི་ཉག་གི་ཡུལ་སོ་སོའི་ལྷམ་རིགས་མང་པོ་ཡོད་ཅིང་།
ཞྭ་མོ་དགུན་ཞྭ་ཕལ་ཆེར་ཝ་ཞྭ་དང་། ཚར་ཞྭ་ཡིན་ལ། དབྱར་ཞྭ་ནི་ཕྱིང་ཞྭ། ཀོ་ཞྭ། རས་ཞྭ། ཞྭ་དབྱིབས་མི་འདྲ་བ་སྣ་ཚོགས་ཞིག་ཡོད། དགུན་ལྷམ་ཕལ་ཆེར་ཀོ་ལྷམ་རིགས་མི་འདྲ་བ་དུ་མ་ཡོད། དབྱར་ཁ་གཙོ་བོར་ཀོ་ལྷམ་དང་སྣམ་བུས་འཚེམ་པའི་ལྷམ་རིགས་ཤ་སྟག་ཡིན། རོང་འབྲོག་གཉིས་ཀྱི་བར་དུ་གནས་པའི་ཡུལ་གྲུ་འདི་དག་གི་མི་རྣམས་ཀྱི་རྒྱན་དང་ཆས་གོས་རྣམས་ནི་དེ་བས་ཀྱང་རྣམ་གྲངས་མང་ཞིང་ཕུན་སུམ་ཚོགས་པ་ཞིག་ཡིན། བོད་ཀྱི་རོང་འབྲོག་གཉིས་ཀའི་ཆས་གོས་བེད་སྤྱོད་བྱ་བའི་རྨང་གཞིའི་ཐོག་ཏུ་ཡུལ་ལུང་སོ་སོའི་ཁྱད་ཆོས་ལྡན་པའི་ཆས་གོས་མི་འདྲ་བ་སྣ་ཚོགས་རེ་ཡོད། མི་ཉག་གི་ཡུལ་ལུང་སོ་སོའི་ཆས་གོས་ལ་བལྟས་པ་ཙམ་གྱིས་ཤེས། དེ་ཡང་དཔེར་ན་འབྲོག་པའི་ཆས་གོས་ནི་མཐུག་པ་དང་། ཆེ་བ། རིགས་ཀྱི་རྣམ་གྲངས་ཉུང་བ་བཅས་དང་། རོང་ཁུལ་གྱི་ཆས་གོས་ནི། སྲབ་པ་དང་། ཡང་བ། སྟབས་བདེ་བ། དབྱིབས་དང་ཁ་དོག་རྣམ་པ་མི་འདྲ་བ་མང་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད་ལ། དེ་དག་ཐམས་ཅད་ཀྱི་ནང་དུ་ལོ་སྟོང་ཕྲག་མང་པོའི་རིང་གི་བོད་ཀྱི་ཆས་གོས་ཡིག་ཐོག་ཏུ་ཁྱད་ཆོས་རྣམས་རགས་རིམ་ཙམ་བཀོད་ཡོད་པ་ཡིན་ནོ། །
མི་ཉག་བུད་མེད་ཀྱི་མགོ་རྒྱན། དཀོན་རྡོས་པར་བླངས།
མི་ཉག་གི་གྱོན་ཆས་བྱེ་བྲག་ཏུ་བཤད་པ།
དེ་ཡང་བྱེ་བྲག་ཏུ་མི་ཉག་ཤར་ཕྱོགས་སྲིབ་སྨད་གྱི་རོང་པ་དང་། ལྷོ་ཕྱོགས་བརྒྱད་ཟུར་རོང་སོགས་དྲོད་ཁུལ་དུ་འཚོ་སྡོད་བྱས་པའི་མི་རྣམས་ཀྱི་ཆས་གོས་གཙོ་བོར་རས་ཆ་དང་། སྣམ་བུའི་རིགས་ཀྱིས་བཟོས་ཡོད་ཅིང་། དར་གོས་རིགས་ཀྱི་ཆས་གོས་དང་། དགུན་གོས་ལྟ་བུ་ལྤགས་རིགས་ཀྱིས་བཟོས་པ་ཉུང་ཤས་མ་གཏོགས་མི་འདུག སྤྱིར་རས་ཆས་བཟོས་པའི་གོས་རིགས་ལ་ཤ་འཛིན་དང་། སྟོད་ཐུང་། ཁ་རྐྱང་། དོར་མ་བཅས་རིགས་མི་འདྲ་བ་དུ་མ་ཡོད་པ་དང་། དེ་དག་ལའང་ནང་གསེས་ཀྱི་དབྱིབས་དང་། ཁ་དོག་མི་འདྲ་བའི་བཀྲག་མདངས་དང་། མཛེས་ཆོས་སྣ་ཚོགས་ལྡན་པའི་ཕོ་མོའི་གོས་རིགས་ཐ་དད་པ་མང་པོ་ཡོད་པ་དཔེར་ན། གོས་དང་སྟོད་ཐུང་ལ་ཕུ་དུང་ཅན་དང་། ཕུ་མེད། རྒྱུན་གོས་དང་། ཆས་གོས་སོགས་ཀྱི་དབྱེ་བ་ཡོད་པ་རེད། ཡུལ་དུས་དང་བསྟུན་པའི་ཞྭ་མོ་དང་། ལྷམ་གྱི་རིགས་ཀྱང་མི་འདྲ་བ་མང་པོ་ཞིག་ཡོད། མི་ཉག་བྱང་ཁུལ་འབྲོག་སྡེའི་མི་རྣམས་ཀྱི་ཆས་གོས་གཙོ་བོ་ནི། ལྤགས་རིགས་དང་། སྤུ་ལྡན་གྱི་སྣམ་བུའི་རིགས་ཀྱིས་བཟོས་པ་མང་ལ། གཟབ་སྤྲོས་ཀྱི་ཆས་སུ་རས་ཆ་དང་། དར་གོས་ཀྱིས་བཟོས་པའི་གོས་རིགས་དབྱིབས་དང་ཁ་དོག་སྣ་ཚོགས་ཞིག་ཡོད། འབྲོག་གོས་རྣམས་ནི་ཁོག་ཆེ་ལ་ཕུ་དུང་རིང་བ་ཤ་སྟག་ཡིན་ཞིང་། ཕུ་མེད་ཀྱི་རིགས་ཀྱི་ཆས་གོས་ནི་མང་པོ་ཞིག་མེད། དབྱར་དུས་ཀྱི་དོར་མ་ལ་རས་དོར་དང་། སྣམ་དོར་སོགས་མི་འདྲ་བ་ཡོད་ཅིང་། དགུན་ཁའི་གྱོན་རྒྱུ་དོར་མ་ནི་ལྤགས་དོར་དང་སྣམ་དོར་སོགས་ཡིན་ཞིང་། ཆས་གོས་ཀྱི་ཁྱད་ཆོས་གཙོ་བོ་ནི་ཁོག་ཆེ་ལ་ཕུ་དུང་རིང་བ་ཙམ་ལས། རོང་ཁུལ་གྱི་ཆས་གོས་ལྟར་དབྱིབས་དང་ཁ་དོག་རྣམ་པ་སྣ་ཚོགས་ཀྱི་མཛེས་རྩལ་འདི་དཀོན་པོ་ཞིག་ཡིན་ནོ། །
མི་ཉག་མགོ་རྒྱན། མི་ཉག་བསྟན་འཛིན་གྱིས་པར་བླངས།
མི་ཉག་གི་བུད་མེད་ཀྱི་རྒྱན་གོས།
མི་ཉག་ཡུལ་གྱི་རྒྱུན་སྤྱོད་མགོ་རྒྱན། མི་ཉག་བསྟན་འཛིན་གྱིས་པར་བླངས།