ཕྱི་རུ་བཏབ་པའི་དྲན་པ།

ནག་ལྡོང་འཁྱམ་པོ། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 04-27


མཚེའུའི་ཀློང་དུ་སྙིང་གི་གཏམ།།

བྲི་བའི་སོར་མོའི་འཁྲུལ་བག་ནི།།
གསར་སྐྱེས་འཁྲི་ཤིང་གཞོན་ནུའི་གར།།
གཡོ་བའི་སྟངས་ཀ་ཅི་ཡང་འཛིན།།
སྨྲེང་བར་བྱས་སོ་སྡུག་གུ་མ།།
དྲན་པའི་སྨུག་པ་དྭངས་ཐབས་ཅི།།
ལོ་ཟླའི་རུམ་ཁར་ཉར་བ་ཡི།།
ངང་སྒུག་འཚོ་བ་ནམ་ཞིག་ཟད།།
ཟླ་འོད་འཐུང་བའི་ཀུ་མུ་དའི།།
མཛེས་པའི་དཔལ་ལ་མཚར་དོན་ཅི།།
ཡིད་ཀྱི་རི་མོ་འཛིན་མཁས་པའི།།
ས་ཡི་མེ་ལོང་འདི་ཀོ་རྨད།།
བུང་བ་དག་ཀྱང་བཤུམས་ཏེ་ཡོང་།།
དབྱར་ཟླ་དེ་ཡང་སོང་ཙམ་ཐོས།།
རླུང་གི་གཤོག་པ་འདར་བའི་དུས།།
དྲན་པའི་ཚེས་རིས་བཀུག་སོང་ངོ་།།
མཚོ་རུ་ཞུགས་པའི་ངང་མོ་དཀར།།
གཙང་པོའི་རླབས་སྒྲ་འབའ་ཞིག་རྒུམ།།
སྲོད་ལ་ངུས་པའི་ངག་གི་དབྱངས།།
ལན་རེར་ཐོས་སོ་སྙིང་གི་དཔྱིད།།
སེམས་ལ་ཅི་ཞིག་འཕྱོ་བ་ཡིས།།
གདུང་བའི་མུན་པ་འཐིབས་སོང་ངམ།།
སྨིག་རྒྱུའི་ཡ་ཡོ་བྲེས་པ་བཞིན།།
སྙིང་ཁམས་འདི་ནི་འཁྲུག་ཅིང་གཟེར།།
སྡོང་ལོ་འགུལ་ཞིང་ཤག་སྒྲ་གཏོང་།།
དུས་ཀྱི་གྲིབ་སོ་གཞི་ནས་བཀུག །
ཚོར་བའི་སྒོ་མོ་ཕྱེ་ལུགས་ཀྱིས།།
དགོང་ཁའི་དྲན་པ་ཕྱི་རུ་བཏབ།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1