བདག་གི་སློབ་གཙོ་ཚངས་པའི་ཐིག་ཏུ་དགོས།

ཀྱེ་ཕུར་མཆོག་གསུམ། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར། ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 04-27


སློབ་གྲྭ་ལྕགས་རི་བརྩིགས་པའི་མཁར་རྫོང་ཞིག །
སློབ་མ་བདག་པོས་འཚོས་པའི་གཡང་དཀར་ཁྱུ། །
སློབ་གསོའི་དྭངས་སྙིགས་འབྱེད་པའི་ཀེ་ཏ་ཀ །
བདག་གི་སློབ་གཙོ་ཚངས་པའི་ཐིག་ཏུ་དགོས། །
རིག་པའི་གཏེར་བདག་སྐྱབས་ཀྱི་སྟོན་པ་མཆོག །
ཐབས་མཆོག་ཐུགས་རྗེ་མཚོ་ལ་དྲིས་གོས་མེད། །
བདག་པས་གཞན་གཅེས་སྟག་མོ་ལུས་སྦྱིན་ཏེ། །
བདག་གི་སློབ་གཙོ་ཚངས་པའི་ཐིག་ཏུ་དགོས། །
རྩ་བ་ཡལ་ཀའི་མགོ་མཇུག་མི་ལྡོག་པར། །
གཞུང་རྐང་གསེར་གྱི་ཀ་བ་བསྒྲེངས་མཁས་ཏེ། །
འགན་འཁྲིའི་ཁྲག་རྩ་རྟག་ཏུ་སྦོས་པ་ཡི། །
བདག་གི་སློབ་གཙོ་ཚངས་པའི་ཐིག་ཏུ་དགོས། །
འཛམ་གླིང་སློབ་གསོའི་ཁྲག་རྩ་མི་རྙེད་ཀྱང་། །
སྔོན་ཐོན་གྲལ་ལ་རྐང་པ་མི་སྤོས་ཀྱང་། །
རང་རིགས་སློབ་གསོའི་རུས་རྐང་འཚོལ་མཁས་པ། །
བདག་གི་སློབ་གཙོ་ཚངས་པའི་ཐིག་ཏུ་དགོས། །
རང་གི་བསམ་བློའི་མུན་ཁུང་རུབ་པ་ལ། །
གསར་འབྱེད་ལྡེ་མིག་ཐབས་ཀྱིས་འཚོལ་ལ་རེམ། །
ཉི་ཟླའི་འཆར་ནུབ་བསུ་བའི་བློ་གྲོས་ཅན། །
བདག་གི་སློབ་གཙོ་ཚངས་པའི་ཐིག་ཏུ་དགོས། །
མ་མོས་དབུས་ལམ་བསྙེག་པའི་དཀའ་སྡུག་དང་། །
སློབ་གསོ་སྐྱོང་ལ་ཨ་མས་བུ་ལྟར་བཞིན། །
གློ་མཆིན་ཁ་ཁར་མི་དགར་དོན་ལྔར་བསྡུ། །
བདག་གི་སློབ་གཙོ་ཚངས་པའི་ཐིག་ཏུ་དགོས། །
གཏམ་གྱི་བསྲེག་བཅད་བཙོ་མ་གསེར་ལྟར་བྲིན། །
དཔྱད་སྟོབས་རིག་པའི་ཡལ་འདབ་བློ་ལ་འཐད། །
སློབ་གྲྭ་རང་ཁྱིམ་དཔལ་དུ་བསྐྲུན་མཛད་པའི། །
བདག་གི་སློབ་གཙོ་ཚངས་པའི་ཐིག་ཏུ་དགོས། །
མགར་གྱིས་རྒྱ་བཟའ་བདམས་པའི་ཐབས་ཤེས་ཀྱིས། །
རིགས་ལམ་ཕྲ་མོའི་རྩེ་མོ་ཕྱོགས་སུ་གྱེས། །
སྐལ་ལྡན་སྐར་ཚོགས་བསུ་བའི་ཉིན་མོའི་མགོན། །
བདག་གི་སློབ་གཙོ་ཚངས་པའི་ཐིག་ཏུ་དགོས། །
ལས་འབྲས་བདེན་པའི་ཆུ་མོ་མི་རྙོག་པར། །
དོན་གྱི་ཉ་མོར་གཟིགས་པའི་འདུ་ཤེས་དཀར། །
ཉ་བདའ་མཚོ་ལ་བསྐྱལ་བའི་གོ་རིམ་བཞིན། །
བདག་གི་སློབ་གཙོ་ཚངས་པའི་ཐིག་ཏུ་དགོས། །
འཁོར་ཚོགས་གྲལ་ནས་ཐོན་མིའི་ཡིག་ཕུད་བཞིན། །
སློབ་ཚོགས་དབུས་སུ་གཟི་བརྗིད་ཟླ་བ་དཀར། །
འོད་ཀྱི་ཟེར་མས་སློབ་གསོའི་མྱུ་གུ་སྐྱོང་། །
བདག་གི་སློབ་གཙོ་ཚངས་པའི་ཐིག་ཏུ་དགོས། །
ཉི་མ་སྤྲིན་སྟུག་ནང་ནས་བུད་པ་བཞིན། །
མྱི་ཁའི་སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །
རིག་པའི་རྒྱགས་ཕྱེ་ཆད་པའི་ཕྱི་རབས་པར། །
བདག་གི་སློབ་གཙོ་ཚངས་པའི་ཐིག་ཏུ་དགོས། །
ལྟ་སྟངས་སྲིན་མོའི་མཆེ་བར་རྣོ་དབལ་ལྡན། །
ངན་སྨྲོས་རླུང་གི་དཀྱིལ་འཁོར་སྙིང་ལ་གཟན། །
ཕྲག་དོག་ཁ་ཏའི་ཐན་སྐད་བསྒྲགས་ན་ཡང་། །
བདག་གི་སློབ་གཙོ་ཚངས་པའི་ཐིག་ཏུ་དགོས། །  



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1