ཕག་ཤུགས་རིན་སྤུངས་སྡེ་པས་འཛིན། །
རིན་ཕག་གཉེན་འབྲེལ་གྱི་གོད་ཆག་ཕག་གྲུ་ཤཱཀྱ་རིན་ཆེན་ལ་སྲས་དྲུག་འཁྲུངས་པའི་ཆུང་བ་ཆེ་ས་སངས་རྒྱས་རྒྱལ་མཚན་ལ། རྫོང་དཔོན་རིན་སྤུངས་པའི་ལྕམ་མོ་ཀུན་དགའ་དཔལ་འཛོམས་ཁབ་ཏུ་བསུས། འདི་ནི་ཏཱ་བྱང་ཆུབ་རྒྱལ་མཚན་གྱིས་གཏན་འབེབས་གནང་བའི་སྒྲིག་སྲོལ་ལས། “རླངས་ཀྱི་གདུང་རྒྱུད་སྤེལ་བ་པོའི་འདུན་ཐབ་ཀྱང་ཕྱི་སོ་སྡེ་པ་ཆེ་གཉེན་བཙུན་གསུམ་དང་། མི་ཆེན་གྱི་བུ་སྲིང་ལེན་མི་ཉན། ” ཞེས་པ་དང་འགལ་བ་ཞིག་རེད། རབ་བྱུང་བདུན་པའི་ཤིང་རྟ་སྤྱི་ལོ་1414ལོར་སྲས་གྲགས་པ་འབྱུང་གནས་འཁྲུངས། དགུང་ལོ་བཅུ་དགུ་པ་རབ་བྱུང་བདུན་པའི་ཆུ་བྱི་སྤྱི་ལོ་1432ལོར་སྡེ་སྲིད་གྲགས་པ་རྒྱལ་མཚན་སྐུ་གཤེགས་པ་དང༌། ཕག་གྲུ་སྡེ་སྲིད་ཀྱི་ཁྲི་ལ་འདི་ཡབ་སྲས་གཉིས་པོ་སུ་བཞུགས་ཀྱི་སྐོར་ལ་རྩོད་པ་ལངས། ཕག་གྲུ་སྤྱན་སྔ་བསོད་ནམས་རྒྱལ་མཚན་གྱིས་བཀའ་ལྟར་སྤྱི་ལོ་1433ལོར་སྲས་སྲིད་ཁྲིར་བཀོད། བློན་པོ་རྣམས་ཕྱོགས་གཉིས་སུ་གྱེས་ཏེ་ཡབ་སྲས་སོ་སོའི་ཕྱོགས་སུ་ལངས་ཏེ་སྣེ་གདོང་གི་གཞུང་ཕྱོགས་གཉིས་སུ་གྱེས། སྤྱི་ལོ་1434པའི་ཤིང་སྟག་ལོར་སྡེ་འཁྲུག་ཆེན་པོ་ཞིག་ལངས། དེ་ལ་ལོ་རྒྱུས་ཐོག་སྟག་ལོའི་སྡེ་གཟར་ཟེར། དེ་ནས་ཡབ་ཆེ་ས་སངས་རྒྱས་རྒྱ་མཚོ་སྣེའུ་གདོང་དུ་བཞུགས་མི་བདེ་བར་གྱུར་དེ་ཡར་རྒྱབ་ཏུ་བྱོན་ནས་ལོ་ངོ་བཅུ་ཙམ་བཞུགས་དགོས་བྱུང་འདུག།
རིན་སྤུངས་ནོར་བུ་བཟང་པོས་གོ་སྐབས་དེ་དང་བསྟུན་ནས་སྤྱི་ལོ་1435ལོར་གཙང་ཕྱོགས་ཀྱི་དཔོན་རིགས་རྣམས་དང་མཐུན་སྒྲིལ་བྱས་ཏེ་གཞིས་ཀ་རྩེ་བླངས། གཙང་ཁུལ་ཕལ་ཆེར་དབང་དུ་བྱས། གོང་མ་འདིས་ཐེལ་དང་རྩེ་ཐང་ཆོ་གཉིས་གསུང་ཆོས་གནང་། གསེར་དངུལ་གྱིས་བཀའ་འགྱུར་བཞེངས། སྤྱི་ལོ་1443ལོར་ཡབ་སངས་རྒྱས་རྒྱལ་མཚན་ཡར་རྒྱབ་ནས་རྩེས་ཐང་དུ་གདན་དྲངས། ཞལ་ངོ་ནང་འཆམས་ཀྱི་འཁོན་ཞི་ནས་ཐུགས་ཡིད་གཅིག་ཏུ་འདྲེས། སྤྱི་ལོ་1440ལོར་ཏཱ་མིང་གོང་མ་ཀྱེན་ཐའི་ཀྲེང་ཐུང་གིས་དབང་གི་མཚན་སྙན་བརྒྱན་པའི་བཀའ་ཡིག་འབྱོར་བས་དེ་ནས་བཟུང་དབང་གྲགས་པ་འབྱུང་གནས་ཞེས་འབོད་སྲོལ་བྱུང་། སྤྱི་ལོ་1444ལོར་སྡེ་སྲིད་གྲགས་པ་འབྱུང་གནས་སྐུ་གཤེགས། སྐབས་དེར་ཆེ་སངས་རྒྱས་རྒྱལ་མཚན་གྱིས་སྲིད་བསྐྱངས།
དེ་ནས་སྲས་ཀུན་དགའ་ལེགས་པ་དགུང་ལོ་བཅུ་དྲུག་པ་སྤྱི་ལོ་1448ལོར་ཕག་གྲུའི་སྡེ་སྲིད་ཀྱི་ཁྲི་ལ་བསྐོས། སྤྱི་ལོ་1454པའི་ཤིང་ཁྱི་ལོར་ཆེ་ས་སངས་རྒྱས་རྒྱལ་མཚན་དང་། གོང་མ་ཀུན་དགའ་ལེགས་པ་ཡབ་སྲས་བཀའ་བགྲོས་ཐོག་ངག་གི་དབང་པོ་ཐེལ་གྱི་སྤྱན་སྔའི་གོ་སར་བཏོན། སྤྱི་ལོ་1458པའི་ས་སྟག་ལོར་གོང་མ་ཀུན་དགའ་ལེགས་པས། ངག་གི་དབང་པོའི་སྤྱན་སྔའི་གོ་ས་ཧབ་ལེན་བྱས། དེ་ནས་བཟུང་ངག་གི་དབང་པོ་བྲག་ཁ་དང་། རྒྱལ་བཟང་གཉིས་སུ་ལོ་བཅུ་དྲུག་ཙམ་བཞུགས། གོང་མ་ཀུན་དགའ་ལེགས་པ་འདི་ཉིད་བསླབ་སྦྱོང་གི་ཡོན་ཏན་ཅན་ཞིག་ཡིན་ནའང་། མཛད་སྒོ་ཅུང་ཟད་མ་ལེགས་པའི་དབང་གིས་ནང་འཁོན་གྱི་རྒྱུ་ཁ་ཤས་བྱུང་ཡོད་འདུག ཁོང་གཙང་དུ་གཞིས་བསྐོར་ལ་ཕེབས་དུས་རིན་སྤུངས་ནོར་བུ་བཟང་པོས་གུས་འདུད་བླ་ན་མེད་པར་མཛད་ཀྱང་། གནང་སྒོའི་ཁོག་ལ་མ་མགུ་སྐད། ཁོང་ལ་ཀ་བཞི་པ་སྐུ་མཆེད་ཀྱིས་གང་ཞུས་གསན་པས་ཡབ་ཡུམ་བར་སེལ་ཆེན་པོར་ཞུགས། ཡར་གོང་། བྱ་པ། བསམ་སྡེ་བ་སོགས་བདག་མོའི་ཕྱོགས་དང་། སྣེའུ་དང་། འོལ་དགའ་རྣམས་གོང་མའི་ཕྱོགས་སུ་ཆད་ནས་མི་བདེ་བ་མང་དུ་བྱུང་། རབ་བྱུང་བརྒྱད་པའི་མེ་ཕག་1467ལོར་རིན་ཆེན་རྡོ་རྗེ་རྩེས་ཐང་གི་གདན་སར་བསྐོས། ཡུམ་སྲས་ཕྱོགས་གཅིག་བྱས་ནས་རྩེད་ཐང་གི་སྡེ་གཟར་ཞེས་པ་དེ་ལངས། འོན་ཀྱང་འཕྱོངས་རྒྱས་པ་རྡོ་རྗེ་ཚེ་བརྟན་གྱིས་ཕན་ཚུན་གཉིས་ཀའི་ཕྱོགས་སུ་མ་ལྷུང་པས་སྡེ་གཟར་བཟླུམས་ཤིང་། ཞལ་ངོ་ནང་མཚམས་ཀྱི་ལེགས་སྤེལ་མཛད་པས་སྡེ་སྲིད་ཀྱི་ཞབས་ཏོག་ཏུ་འགྱུར་བ་བྱུང་། དེ་ནས་ཡུམ་གཤེགས་རྗེས་མཁར་ཐོག་དགོན་གསར་གཉིས་རིན་སྤུངས་པ་མཚོ་སྐྱེས་རྡོ་རྗེས་བཟུང༌། སྤྱི་ལོ་1480པའི་ལྕགས་བྱིའི་ལོར་རིན་སྤུངས་དོན་ཡོད་རྡོ་རྗེས་གཙང་དམག་རྣམས་དབུས་སུ་དྲངས་ནས་གཞིས་ཀ་སྣེའུ་པའི་ལག་ནས་བྲག་དཀར་དང་ཆུ་ཤུལ་ལྷུན་པོ་རྩེ་སོགས་རྫོང་གཞིས་འགའ་ཞིག་བླངས། །
སྤྱི་ལོ་1481པའི་ལྕགས་གླང་ལོར་སྤྱན་སྔ་རིན་པོ་ཆེ་(ཞྭ་དམར་སྐུ་ཕྲེང་བཞི་པ་)དང་། རིན་སྤུངས་པ་མཚོ་སྐྱེས་རྡོ་རྗེ། རིན་སྤུངས་དོན་ཡོད་རྡོ་རྗེ། འཕྱོངས་རྒྱས་པ་ཧོར་ཚེ་དབང་རྣམ་རྒྱལ། ཧོར་རིན་ཆེན་རྒྱལ་མཆོག་སྐུ་མཆེད། སྣེའུ་པ་དཔལ་འབྱོར་བཟང་པོ། ཡར་རྒྱབ་པ་རིན་ཆེན་རྒྱལ་པོ། བྱར་པ་བཀྲ་ཤིས་དར་རྒྱས་སོགས་བློན་པོ་རྣམས་ཀྱིས་བཀའ་གྲོས་ཐོག གོང་མ་ཀུན་དགའ་ལེགས་པ་སྡེ་སྲིད་ཀྱི་ཁྲི་ལས་བཤོལ་ཏེ་དགོན་གསར་དུ་གདན་དྲངས། ལྷ་རིགས་རླངས་ཀྱི་གདུང་བརྒྱུད་སྤེལ་བའི་ཆེད་དུ་སྤྱན་སྔ་ངག་གི་དབང་པོ་ལྷོ་ནས་གདན་དྲངས་ཏེ་རྫོང་ཁ་བའི་སྲས་མོ་ཞིག་བདག་མོར་ཕུལ་ནས་ཕག་གྲུའི་སྡེ་སྲིད་ཀྱི་ཁྲི་ལ་བསྐོས། སྤྱི་ལོ་1485པའི་ཤིང་སྦྲུལ་ལོར་རིན་སྤུངས་པས་རྒྱལ་རྩེར་དམག་དྲངས་ཀྱང་ཇུས་ཉེས་བྱུང་བ་དེ་ལ་གྱང་རོ་སྦེ་རྒྱའི་ཇུས་ཉེས་ཞེས་གྲགས། དེ་དང་དུས་མཚུངས་ཙམ་ན་དབུས་ཕྱོགས་སུ་ཡང་སྡེ་གཟར་བྱུང་རུང་། གོང་མ་ངག་གི་དབང་པོ་ཉིད་གང་ལའང་མ་ཕྱོགས་པ་སྤྱི་དཔོན་དུ་བཞུགས་ཏེ་ཕན་ཚུན་འདུམ་པར་མཛད་པས་སྡེ་གཟར་ཞི། སྤྱི་ལོ་1488པའི་ས་སྤྲེལ་ལོར་གདུང་སྲས་ངག་དབང་བཀྲ་ཤིས་གྲགས་པ་འཁྲུངས། སྤྱི་ལོ་1491པའི་ལྕགས་ཕག་ལོའི་ཟླ་བ་དྲུག་པའི་ཚེས་གཉིས་གོང་མ་ངག་གི་དབང་པོ་སྐུ་གཤེགས། སྐུ་གཤེགས་ཁར་སྲས་སྐུ་ན་ཧ་ཅང་ཕྲ་བ་དེ་ལ་ཐུགས་ཆགས་པའི་ཚུལ་གྱིས་སྐུ་ངལ་ཆེན་པོར་གྱུར་སྐབས། སྐབས་དེར་ཐེལ་གྱི་གདན་ས་པ་ཞྭ་དམར་སྐུ་ཕྲེང་བཞི་པ་སྤྱན་སྔ་ཆོས་ཀྱི་གྲགས་པས། གདུང་རྒྱུད་རིན་པོ་ནར་མ་སོན་པའི་རིང་ཁོང་གིས་ཐེལ་གྱི་སྤྱན་སྔའི་ཁུར་བཞེས་པ་དང་། ཐེལ་དང་རྩེས་ཐང་གི་ཆེན་པོ་གྲོས་ལ་དབང་བའི་བློན་པོ་རྣམས་ཀྱིས་ཕག་གྲུ་སྡེ་སྲིད་ཀྱི་ལ་རྒྱ་མི་འཕྱུག་པའི་ཁས་ལེན་གནང་། དེ་ནས་ཐེལ་གྱི་མཁན་སློབ་ཆོས་གསུམ། རྩེད་ཐང་གི་ཆེན་པོ་གྲོས་ལ་དབང་བ་རྣམས་དང་། བྲག་ཁ། སྐྱིད་ཤོད། འཆོས་པ་སོགས་ཀྱི་དཔོན་རིགས་རྣམས་བགྲོས་ནས། རིན་སྤུངས་རྫོང་དཔོན་མཚོ་སྐྱེས་རྡོ་རྗེ་སྣེའུ་གདོང་གི་དཔོན་ཚབ་གཏོང་བར་དཔོན་ཚབ་ཐེལ་གཏོང་གི་དུས་ཞེས་པ་དེ་བྱུང་། རིན་སྤུངས་པས་དཔོན་ཚབ་ཐེལ་གཏོང་གི་འགན་བཞེས་རྗེས། བློན་པོ་མང་ཆེ་བ་དང་གྲོས་མེད་པ་འགའ་ཞིག་གིས་འདོད་དོན་ལྟར་མཛད་པས། སྡེ་དཔོན་གཞན་རྣམས་མ་འདོད་པའི་དབང་གིས་དེའི་ཕྱི་ལོར་ཡར་ཀླུང་དུ་སྡེ་གཟར་ལངས་ཀྱང་། འཕྱོངས་རྒྱས་པས་སྡེ་སྲིད་ཀྱི་ལ་རྒྱ་ལ་དགོངས་ནས་ཐུགས་ཁོག་ཅི་ཆེར་མཛད་པས་ཡོ་ཁྱོམ་ཆེར་མ་བྱུང་། དེ་ལྟར་རིན་སྤུངས་མཚོ་སྐྱེས་རྡོ་རྗེས་ལོ་ངོ་དགུ་ལ་སྣེའུ་གདོང་གི་དཔོན་ཚབ་བྱས། །
སྤྱི་ལོ་1515པའི་ཤིང་ཕག་ལོར་བསམ་སྡེ་བས་བསླངས་པའི་སྡེ་གཟར་གྱིས་རྐྱེན་བྱས་པས་རིན་སྤུངས་པའི་ཞལ་ངོ་ཕྱི་མ་རྣམས་དེའི་རྒྱབ་ཏུ་ལངས་ཏེ་སྤྱི་ལོ་1516པའི་མེ་བྱི་ལོར་དབུས་གཙང་འཁྲུག་ལོང་ཆེན་པོ་ལངས་རུང༌། སྡེ་སྲིད་མཚན་ཇུས་རྒྱལ་ཏེ་ཁ་རག་དང་བོད་ཡུལ་ཆོས་ལ་ས་མཚམས་བྱས། སྐབས་དེར་སྤྱན་སྔ་ཆོས་ཀྱི་གྲགས་པ་དཔོན་སློབ་བཟད་མདར་ཕེབས་ནས་ཆུ་ཤུལ་ལྷུན་པོ་རྩེ་ཆིངས་རྟེན་དུ་ཕུལ་ཏེ་དབུས་གཙང་ལོ་གསུམ་སྡེ་གཟར་མི་བྱེད་པའི་ཆིངས་བསྡམས་ནའང༌། རིན་སྤུངས་པས་སླར་སྡེ་གཟར་བསླངས་ཏེ་རྒྱལ་མཁར་རྩེར་བཏེགས་སྐབས། འཕྱོངས་རྒྱས་རིན་ཆེན་རྒྱལ་མཆོག་གིས་གཙོས་སྡེ་སྲིད་ཀྱི་དཔུང་ཆེན་རྣམས་ཉང་སྟོད་བར་དུ་བྱོན། དགའ་ལྡན་པ་དམག་དཔོན་བསོད་ནམས་རྒྱལ་པོས་སྐྱིད་འཕན་གྱི་དཔུང་རྣམས་འཁྲིད་དེ་ཤངས་ཀྱི་བར་དུ་བསྐྱོད་པས་རིན་སྤུངས་པས་འབངས་གྱེན་ལོག་བྱེད་པའི་བྱ་བར་རྡུང་རྡེག་ཚབས་ཆེན་ཕོག་སྟེ་ཅི་བྱ་གཏོལ་མེད་ཀྱི་གནས་སུ་གྱུར་ནའང༌། རྒྱལ་རྩེ་དང༌། པ་སྣམ་པའི་ས་ཆ་ཤོར་བ་རྣམས་ཕྱིར་སྤྲོད་པ་དང༌། གོང་སར་དགོངས་བསངས་དང༌། རྫོང་དཔོན་གྱི་ལས་ཀ་ཞུ་བ། ཕྱིན་ཆད་མ་རུངས་པའི་སེམས་འདོར་བ་སོགས་ཀྱི་ཁས་ལེན་ཞུས་ཀྱང༌། སྤྱི་ལོ་1522པའི་ཆུ་རྟ་ལོར་རིན་སྤུངས་པས་སླར་ཡང་སྡེ་གཟར་ཚབས་ཆེན་བསླངས་ཀྱང་སྡེ་སྲིད་ཀྱི་མཚན་ཇུས་ལ་སྐྱོན་ཆེར་མ་བྱུང༌། དེ་ནས་དབུས་གཙང་ལོ་བཅོ་ལྔར་འཁྲུག་པ་མི་བྱེད་པའི་ཆིངས་ཡིག་བཞག །
སྡེ་གཟར་ཐོར་བུ་འགའ། སྤྱི་ལོ་1524པའི་ཤིང་སྤྲེལ་ལོར་ཕག་མོ་གྲུ་པ་དང་སྟག་ལུང་པ་འཐབ་ཅིང༌། དེའི་ཕྱི་ལོ་ཤིང་བྱ་ལོར་སྟག་ལུང་པ་དང་ཐོག་ཁ་པ་བསྒྲིལ་ཏེ་ཕག་མོ་གྲུ་པ་དང་འཐབ། སྤྱི་ལོ་1526པའི་མེ་ཁྱི་ལོར་ཕག་མོ་བ་དང་ཞྭ་སེར་བ་བསྒྲིལ་པ་དང་འབྲི་སྟག་འཐབ་པ་མ་གཏོགས་དབུས་གཙང་ཞོད་འཇགས་སུ་གནས་ཤིང༌། སྤྱི་ལོ་1530པའི་ལྕགས་སྟག་ལོར་ཐོག་མཁར་གཉིས་དང་དཔོན་ས་སྡེ་སྲིད་འགལ་མེད་ཀྱི་ཞུ་ཆོག་སྒྲིག་པའི་རྐྱེན། ལོ་དེ་ལ་སྟོད་དུ་ཞྭ་དམར་སེར་གྱི་འཁྲུག་པ་ལངས། དེའི་ཤུགས་བརྒྱབ་པ་ས་ཐོག་མཁར་གཉིས་དང་སྡེ་སྲིད་འགྱངས་སུ་སོང་སྟེ་འབྲི་འོལ་གཉིས་དགོས་སུ་སྡེ་གཟར་ཡོད་པ་གཅིག་དང་འོལ་ཁ་པའི་རྒྱབ་ཏུ་སྡེ་སྲིད་ཀྱི་དཔུང་ཕྲན་ཚེགས་བཞེངས་པ་སོགས་མཛད། སྤྱི་ལོ་1538པའི་ས་ཕོ་ཁྱི་ལོར་དབུས་གཙང་ཆིངས་གྲོལ་མཚམས་ལ་སྡེ་སྲིད་ཀྱི་ཆིངས་མཐུད་ཅི་ཡོང་གི་དགོངས་པ་མཛད་ནའང༌། རིན་སྤུངས་པ་སྲིད་གཏོགས་ཀྱིས་མ་གསན་པས། སྡེ་གཟར་ཤིན་ཏུ་ཆེ་བ་ལངས། ས་ཐོབ་ཤོར་ཁམས་ཆེ་བ་ནི་གཉིས་ཐད་ནས་མ་བྱུང་བ་སོགས་ཀྱི་གནད་དོན་འདི་དག་《དེབ་དམར་གསར་མ།》ཡི་ནང་བཀོད་པ་ཇི་བཞིན་གསལ་བཤད་ཞུས་པ་ཡིན། །