སྤྱིར་ན་མི་སོ་སོའི་ལུས་སྟོབས་ཀྱི་བཟང་ངན་དང་འཚོ་བའི་གོམས་གཤིས། རིག་གནས་སེམས་ཁམས་དང་རང་བྱུང་ཁོར་ཡུག་སོགས་ཀྱི་ཁྱད་པར་ལ་གཞིགས་ནས་ཡུལ་དུས་དང་བསྟུན་ཞིང་ཚན་རིག་དང་མཐུན་པར་རང་ལུས་ལ་དོ་སྣང་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་ལ། འདི་ཐད་ཀར་སྦྲུམ་མའི་བདེ་ཐང་དང་འབྲེལ་བ་དམ་ཟབ་ཡོད་པའི་འཚོ་བའི་སྤྱོད་ལམ་འགའ་ངོ་སྤྲོད་བྱེད་པར་བྱ།
སྦྲུམ་མས་དོ་སྣང་བྱ་དགོས་པའི་ངན་གཤིས་འགའ།
1. འཚོ་བཅུད་ལྡན་པའི་བཟའ་བཏུང་བསྟེན་ཆེ་བ། འཚོ་བཅུད་བཟང་བའི་བཟའ་བཏུང་ལ་བསྟུན་ཆེ་ན་ལུས་པོར་ཚོ་བསོགས་ཏེ་ཁྲག་ཤེད་ཇེ་མཐོར་འགྲོ་བ་དང་མངལ་གྱི་ཕྲུ་གུ་ཆེན་པོ་ཆགས་ནས་བཙའ་དཀའ་བའི་སྣང་ཚུལ་འབྱུང་ངེས།
2. དུས་ཡུན་རིང་པོར་གཏེར་ཆུ་བསྟེན་པ། མི་མང་པོ་ཞིག་གིས་གཏེར་ཆུའི་ནང་དུ་གཏེར་རྫས་མང་པོ་ཡོད་པས་མིའི་ལུས་པོར་ཕན་པར་བསམ་ནའང་། དོན་དམ་དུ་གཏེར་ཆུའི་ནང་དུ་ས་རྒྱུའི་ཁྲོད་ཀྱི་དུག་ལྡན་གྱི་གཏེར་རྫས་མང་པོ་འདུས། ཚན་རིག་པས་རྒྱལ་ཁབ་བཅུ་དྲུག་གིས་ཐོན་སྐྱེད་བྱས་པའི་གཏེར་ཆུ་68ལ་དབྱེ་ཞིབ་བྱས་ཏེ་ཤེས་རྟོགས་བྱུང་བ་ལྟར་ན་གཏེར་ཆུའི་ནང་མིིའི་ལུས་པོར་གནོད་པའི་སྐྱེ་དངོས་ཕྲ་རབ་མང་པོ་ཡོད་པ་རེད།
3. དགོང་མོར་གཉིད་སྐབས་སྒོ་དང་དྲ་མ་དམ་པོར་རྒྱག་པ། དགོང་མོར་གཉིད་སྐབས་སྒོ་དང་དྲ་མ་དམ་པོར་བརྒྱབ་ནས་དུས་ཚོད་གསུམ་བཞི་ཙམ་འགོར་རྗེས་ཁང་བའི་ནང་གི་དབྱང་གཉིས་ཐཱན་རྫས་ལྡབ་གསུམ་གྱིས་ཇེ་མང་དུ་འགྱུར་ཞིང་དེ་ཁྲོད་ཀྱི་མིའི་ལུས་པོར་གནོད་པའི་དངོས་རྫས་དང་རྡུལ་ཕྲན་སོགས་ཀྱང་ལྡབ་འགྱུར་གྱིས་ཇེ་མང་དུ་འགྱུར་སྲིད་པ་དང་། དེ་དག་གིས་སྦྲུམ་མའི་བདེ་ཐང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ངེས།
4. དུས་ལྟར་མི་གཉིད་པ། དུས་ལྟར་མ་གཉིད་པར་ངལ་གསོ་ལེགས་པོར་མ་བྱས་ཚེ་ཀླད་ཆེན་གྱི་ངལ་གསོ་ལ་བར་ཆད་བཟོས་ནས་མགོ་ན་བ་དང་གཉིད་མི་ཁུགས་པ། སེམས་འཚུབ་པ་སོགས་ལུས་ཁམས་མི་བདེ་བའི་སྣང་ཚུལ་འབྱུང་སྲིད་པར་མ་ཟད། སྦྲུམ་མར་མངལ་ཤོར་བའི་ཉེན་ཁའང་ཤིན་ཏུ་ཆེ།
5. ཆུ་ཁོལ་མས་ཁྲུས་བྱེད་པ། ཆུ་ཁོལ་མ་ལས་རླངས་པ་མང་པོ་འབྱུང་སྲིད་ལ། ཆུ་ནང་གི་དུག་ལྡན་དངོས་རྫས་མང་པོ་ཞིག་རླངས་པ་དང་ཁ་དབུགས་ཁྲོད་རྒྱུ་བ་དང་། དེ་ལས་དུག་ལྡན་དངོས་རྫས་མང་པོ་ཞིག་རླངས་པ་དང་མཉམ་དུ་མིའི་ལུས་པོས་བསྡུ་ལེན་བྱས་ཏེ་མིའི་ཟུངས་ཁྲག་མ་ལག་ལ་གནོད་སྐྱོན་ཐེབས་ངེས།
6. རྫས་འགྱུར་བྱུག་རྫས་བཀོལ་བ་དང་སྐྲའི་ཁ་དོག་བསྒྱུར་བ། རྫས་འགྱུར་གྱི་མཛེས་འཆོས་བྱུག་རྫས་དང་སྐྲའི་ཁ་དོག་བསྒྱུར་བྱེད་ཀྱི་སྨན་རྫས་ནང་དུ་མིའི་ལུས་ཁམས་ལ་གནོད་པའི་རྫས་འགྱུར་གྱི་བསླད་མང་པོ་ཡོད་པས་མངལ་ཆགས་པའི་བུད་མེད་ཀྱིས་མཛེས་འཆོས་བྱུག་རྫས་དང་སྨན་སྦྱོར་དེ་དག་བཀོལ་ཚེ་སླད་རྫས་དག་ཕྱི་ལྤགས་བརྒྱུད་དེ་སྦྲུམ་མའི་ཟུངས་ཁྲག་དང་ཁམས་དམར་ལ་གནོད་སྐྱོན་ཐེབས་ངེས།
ཆུང་མར་མངལ་མ་སྦྲུམ་པའི་སྔོན་དུ་ཁྱོ་གས་དོ་སྣང་བྱ་དགོས་པ་འགའ།
1. ཞིང་སྨན་དང་རྩྭ་སྨན་ལ་རེག་པའི་ཁྱོ་གས་མ་མཐའ་ཡང་ཉིན་70ཡི་ནང་དུ་ཆུང་མར་མངལ་སྦྲུམ་དུ་འཇུག་མི་རུང་ལ། ཆུང་མར་མངལ་མ་སྦྲུམ་པའི་སྔོན་དུ་ཁྱོ་ག་རྫས་འགྱུར་ཐོན་རྫས་དང་རིང་དུ་བཀྱེད་དགོས།
2. ཤ་རྒྱགས་པའི་ཁྱོ་གས་ཚོ་བྱང་སྐབས་ཆུང་མར་མངལ་སྦྲུམ་དུ་འཇུག་མི་རུང་། ཚོ་བུད་པའི་མིའི་ཚིལ་ཞག་གི་ནང་དུ་གནོད་ལྡན་གྱི་རྫས་འགྱུར་དངོས་པོ་ཡོད་པ་དང་ཚོ་བྱང་བའི་སྐབས་སུ་ཚིལ་ཞག་ནང་གི་དངོས་པོ་དེ་དག་ཕྱིར་འབུད་བཞིན་པའི་སྐབས་ཡིན་པས་སྐབས་དེར་ཆུང་མར་མངལ་སྦྲུམ་དུ་བཅུག་ན་བྱིས་པའི་བདེ་ཐང་ལ་གནོད།
3. ཁྱོ་གས་གང་འདོད་ལྟར་སྨན་བསྟེན་མི་རུང་། རྫས་འགྱུར་གྱི་སྨན་མང་པོ་ཞིག་གིས་ཁྱོ་གའི་ཁམས་དཀར་པོའི་ནུས་པར་གནོད་སྐྱོན་བཟོས་ནས་ཁམས་དཀར་པོ་མང་པོ་ཞིག་ཡ་མ་གཟུགས་སུ་འགྱུར་བར་ཉེན་ཁ་ཆེ་བས་ཚད་ལྡན་གྱི་སྨན་ཁང་དུ་སོང་ནས་ལུས་པོར་བརྟག་དཔྱད་བྱས་རྗེས་སྨན་པས་གདམས་པ་ལྟར་སྨན་བསྟེན་པ་ལས་གང་འདོད་ལྟར་སྨན་བསྟེན་མི་རུང་།
4. འཚོ་བཅུད་འཛོམས་པའི་བཟའ་བཏུང་བསྟེན་དགོས། ཁམས་དཀར་ནི་སྤྲི་དཀར་དང་ཀལ། ཁར་བ་སོགས་གཏེར་རྒྱུ་དང་འཚོ་བཅུད་ཀྱིས་བསྐྱེད་པ་ཡིན་པས་དུས་རྒྱུན་གྱི་འཚོ་བའི་གོ་རིམ་ཁྲོད་བཟའ་བཏུང་སྣ་གཅིག་ལ་བསྟེན་ན་ཁམས་དཀར་གྱི་སྤུས་ཀར་ཤུགས་རྐྱེན་ཐེབས་ངེས་པས་འཚོ་བཅུད་ཕུན་སུམ་ཚོགས་པའི་བཟའ་བཏུང་ལ་བསྟེན་དགོས།
5. དུ་ཆང་གཅོད་དགོས། དུ་བ་དང་ཆང་གིས་ཁམས་དཀར་ལ་གནོད་སྐྱོན་ཆེན་པོ་བཟོ་སྲིད་པས་ཆུང་མར་མངལ་མ་སྦྲུམ་པའི་ཟླ་གསུམ་གྱི་སྔོན་དུ་ངེས་པར་དུ་བ་དང་ཆང་གཅོད་དགོས།
སྤྱིར་མངལ་སྦྲུམ་སྐབས་སྐྱེས་པའི་ཆེས་བཟང་བའི་དུས་ཚོད་ནི་ལོ་32ནས་40བར་ཡིན། དུས་རིམ་དེ་ནི་སྐྱེས་པའི་ཁམས་དཀར་གྱི་ནུས་ཤུགས་དང་དོན་ལྔ་སྣོན་དྲུག་གི་བྱེད་ནུས་ཆེས་ལེགས་པའི་དུས་རིམ་ཞིག་ཡིན་ལ། དགུང་ལོ་40ནས་བཟུང་ལུས་ཟུངས་ཉམས་རྒུད་དུ་འགྲོ་བའི་འགོ་བརྩམས་པ་རེད། བུད་མེད་དག་ལ་མཚོན་ན་དགུང་ལོ་20ནས་28བར་ནི་ལུས་ཁམས་ཆེས་ལེགས་པའི་དུས་རིམ་ཞིག་ཏུ་ངོས་འཛིན་བྱེད། དགུང་ལོ་35ནས་བཟུང་ལུས་ཟུངས་ཉམས་རྒུད་དུ་འགྲོ་བའི་འགོ་བརྩམས་པ་རེད། དེ་མིན་ནུབ་ལུགས་སྨན་གཞུང་འགའ་ཤས་ལས་ཆུང་མར་མངལ་སྦྲུམ་ནས་ཟླ་བདུན་འགོར་རྗེས་ལུས་འབྲེལ་བྱུང་ཆོག་པར་བརྗོད་ནའང་། སྲོལ་རྒྱུན་གྱི་སྨན་གཞུང་མང་པོ་ཞིག་ཏུ་བུད་མེད་ལ་མངལ་སྦྲུམ་པའི་སྐབས་སུ་ལུས་འབྲེལ་བྱུང་ཚེ་བྱིས་པར་འབྲུམ་སོགས་ཀྱི་པགས་ནད་འབྱུང་སླ་བར་བཞེད།
གཞན་སྦྲུམ་མ་རྒྱུན་སྡོད་བྱེད་སའི་ཁང་བར་ཉི་འོད་ཕོག་ཅིང་ཁང་བའི་དྲོ་གྲང་ཚད་དང་རན་ཞིང་དོ་སྙོམས་ཡིན་པ། ཁང་བ་ཁོད་ཡངས་ཤིང་འོད་གསལ་བ། རླུང་རྒྱུ་ཐུབ་པ་བཅས་བྱ་དགོས། ཁ་དོག་གིས་མིའི་སེམས་ཁམས་ལ་དངོས་བརྒྱུད་གང་རུང་གིས་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་དང་། དུས་རིམ་མི་འདྲ་བ་སོ་སོར་སྦྲུམ་མའི་ཁ་དོག་གི་ཚོར་ཤེས་ཀྱང་མི་འདྲ་བས་ཁང་བར་སྦྲུམ་མ་དགའ་བའི་ཁ་དོག་བཀོད་སྒྲིག་བྱས་ཚེ་སྦྲུམ་མའི་སེམས་ཁམས་ཀྱི་བདེ་ཐང་ལ་ཕན། དེ་མིན་མངལ་སྦྲུམ་པའི་སྐབས་སུ་ཁོང་ཁྲོ་ལངས་པ་དང་སེམས་སྡུག་པ། རྫུན་སྨྲ་བ། ཞེ་སྡང་སྐྱེས་པ། མེ་བཙའ་འཇོག་པ་སོགས་བྱས་ཚེ་བྱིས་པའི་བདེ་ཐང་ལ་གནོད་པའི་ངེས་པར་གཟབ་དགོས། སྦྲུམ་མའི་བྱིས་པ་ལ་བཟུང་བའི་རྣམ་འགྱུར་དེ་མངལ་ནང་གི་བྱིས་པའི་དངོས་བརྒྱུད་གང་རུང་ལས་ཚོར་ཐུབ་པས་ན་ཕོ་མཆོག་མོ་དམན་གྱི་འདུ་ཤེས་སོགས་དོར་ནས་ཚེ་སྲོག་གསར་པ་གང་དེ་སྤྲོ་བ་དང་བཅས་བསུ་དགོས་པར་འབྱུང་འགྱུར་ཕ་མ་འགྱུར་བ་དག་གིས་ཐུགས་ལ་འཇགས་པར་འཚལ། །