སི་ཁྲོན་ཡུལ་སྐོར་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་པར་འགྲེམ་བྱས་པ།
ཚུལ་ཁྲིམས་བཟང་པོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-28
ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཉེ་ཆར་《སི་ཁྲོན་ཞིང་ཆེན་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འཆར་འགོད་།》པར་འགྲེམ་བྱས་ཤིང་། ཡུལ་སྐོར་ལ་བརྟེན་ནས་དབུལ་སྐྱོར་བྱེད་པ་ནི་རང་རེའི་ཞིང་ཆེན་གྱི་དབུལ་སེལ་འགག་སྒྲོལ་གྱི་གཙོ་ཤུགས་ཡིན་པ་བསྟན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་མཇུག་རྫོགས་ལ་ཉེ་དུས། ཞིང་ཆེན་ཡོངས་ཀྱིས་ཡུལ་སྐོར་འཕེལ་རྒྱས་ལ་བརྟེན་ནས་དབུལ་ཕོངས་མི་གྲངས་ལ་རོགས་འདེགས་བྱེད་པ་ཞིང་ཆེན་ཡོངས་ཀྱི་དབུལ་བྲལ་ལས་འགན་གྱི་20%ཟིན་རྒྱུ་རེད།
ཡུལ་སྐོར་ཐོན་ལས་ཀྱི་ཡོང་བབས་དུང་ཕྱུར་ཁྲི་ལས་བརྒལ་བ་དང་འཛམ་གླིང་གི་ཆེས་གལ་ཆེ་བའི་ཡུལ་སྐོར་འཛུགས་སྐྲུན་གྱི་དམིགས་ཡུལ་ཏེ་དམིགས་ཡུལ་ཆེན་པོ་གཉིས་ལ་གཞིགས་ནས། 《འཆར་འགོད།》ལས། ཡུལ་སྐོར་ལས་རིགས་ཀྱི་འཕེལ་འགྲོས་ལོ་རེར་15%ཡན་ཟིན་རྒྱུ་འགན་སྲུང་དང་། 2020ལོར་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་གྱི་ཡོང་བབས་བསྡོམས་པས་2015ལོ་ལས་ལྡབ་གཅིག་འཕར་ཞིང་དམངས་སྒོར་དུང་ཕྱུར་ཁྲི་1.2ལ་སླེབས་དགོས། དེ་མིན་ཡུལ་སྐོར་ནི་རང་རེའི་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་གྱི་འཐབ་ཇུས་རང་བཞིན་གྱི་གཙོ་གནད་ཐོན་ལས་ཤིག་ཡིན་པར་བསྟན།
《འཆར་འགོད།》ལས་ཕྱོགས་ཡོངས་ནས་ཡུལ་སྐོར་གྱི་མཁོ་འདོན་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་ལ་བཅོས་བསྒྱུར་བྱེད་པར་སྐུལ་འདེད་དང་། སྒོས་སུ་ཡུལ་སྐོར་གྱི་སྒྲིག་སྲོལ་དང་ལམ་སྲོལ། བཅོས་སྒྱུར་དང་གསར་གཏོད་ཀྱི་ཁོངས་སུ་གཏོགས་པའི་འོས་འགན་གལ་ཆེན་བཅུ་སྐུལ་སྤེལ་གཏང་དགོས་པར་གཏན་ཁེལ་བྱས། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་ཡུན་ནང་། རང་རེའི་ཞིང་ཆེན་གྱིས་གྲོང་ཁྱེར་(ཁུལ)དང་རྫོང་28ཀྱི་ས་ཁོངས་ཧྲིལ་པོ་ཡུལ་སྐོར་དཔེ་སྟོན་འཛུགས་པའི་ལས་ཀ་ལ་དམ་འཛིན་བྱ་རྒྱུ་རེད། གྲོང་ཁྱེར་(ཁུལ)དང་རྫོང་28འདིས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་གྱི་སྤྱིའི་རྒྱ་ཁྱོན་ཕལ་ཆེར་ཞིང་ཆེན་ཡོངས་ཀྱི་སུམ་ཆའི་གཉིས་ཙམ་ཟིན་ཡོད་ལ། འདི་ནི་རྒྱལ་ཡོངས་ཀྱི་ས་ཁུལ་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱས་པའི་ཁྲོད། རྒྱ་ཁྱོན་ཆེས་ཆེ་བ་དེ་རེད།
《འཆར་འགོད།》ལས་ཐོག་དང་པོར་མངོན་གསལ་གྱིས་ཡུལ་སྐོར་ཐོན་ལས་ཀྱི་འཕེལ་རྒྱས་དང་ཡུལ་སྐོར་སྒྲིག་ཆས་ཀྱི་བཟོ་སྐྲུན་ས་གནས་རང་བཞིན་ཅན་དུ་བསྒྱུར་བར་རམ་འདེགས་དང་། ཡུལ་སྐོར་ཚོང་ཟོག་ཇུས་འགོད་དང་གསར་སྐྲུན་ཕྱོགས་ལ་འཕེལ་རྒྱས་གཏང་དགོས་པ་བསྟན།
《འཆར་འགོད།》ལས། 2020ལོར་མ་སླེབས་པའི་སྔོན་དུ། ཞིང་ཆེན་ཡོངས་ཀྱི་5Aརིམ་པའི་མཛེས་ལྗོངས་ཁུལ་དང་རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ་ལ་གནམ་ཐང་དང་མྱུར་སྐྱོད་མེ་འཁོར། མྱུར་བགྲོད་གཞུང་ལམ་སོགས་ཀྱི་ཞབས་ཞུ་མ་ལག་སྒྲིག་འཛུགས་བྱ་དགོས་པ་བསྟན།