མདོ་ཁམས་ཀྱི་ཁ་ཤག་དང་གར་ཆུང་དགོང་ཚོགས་ཆེན་མོ་བསྡུས་པ།
ཉེ་ཆར། སྐབས་དང་པོའི་མདོ་ཁམས་ཡུལ་གྱི་ཁ་ཤགས་དང་གར་ཆུང་དགོང་ཚོགས་ཆེན་མོ་དེ་མདོ་སྨད་ཁྱུང་མཆུ་རྫོང་ནས་ལེགས་འགྲུབ་བྱུང་། ཐེངས་འདིའི་དགོང་ཚོགས་ནི་ཉེ་བའི་ལོ་འགའི་རིང་དུ་ཁ་ཤག་དང་གར་ཆུང་རྐྱང་པའི་འཁྲབ་སྟོན་དགོང་ཚོགས་ཤིག་ཡིན་ལ། དགོང་ཚོགས་འདིའི་སྟེང་མདོ་ཁམས་ཡུལ་དུ་སྐད་གྲགས་ཡོད་པའི་ཁ་ཤག་དང་གར་ཆུང་སྒྱུ་རྩལ་པ་སྐོར་ཞིག་དང་། གསར་སྐྱེས་འཁྲབ་སྟོན་པ་མང་པོ་ཞུགས་ཡོད་པ་དང་། བརྩམས་ཆོས་ཀྱི་རྣམ་པ་དང་མཚོན་སྟངས། བརྗོད་བྱའི་ཐད་ནས་སྔར་མེད་ཕུན་སུམ་ཚོགས་པ་ཞིག་རེད།
ལྷག་པར་དུ་གར་ཆུང་འཁྲབ་སྟོན་སྒྱུ་རྩལ་པ་གྲགས་ཅན་ཞི་བདེ་ཉི་མས་གསར་རྩོམ་བྱས་པའི་གར་ཆུང་། 《གངས་དཀར་པོར་ཉི་མ་འཆར་དུས།》ཅེས་པ་ནི། བོད་སྐད་གར་ཆུང་་གསར་རྩོམ་དང་འཁྲབ་སྟོན་ཐད་སྔར་བྱུང་མ་མྱོང་བའི་མཚོན་སྟངས་དང་འཁྲབ་སྟོན་གྱི་རྣམ་པ་གསར་བ་ཞིག་ཡིན་ལ། གར་ཆུང་འདིས་བོད་སྐད་ཀྱི་གར་ཆུང་གསར་རྩོམ་ཐད་ཐོལ་བརྒལ་ཆེན་པོ་བྱས་ཡོད་པ་དང་། ཤུགས་དྲག་པའི་སྒྱུ་རྩལ་གྱི་ཉམས་སྣང་དང་། གཏིང་ཟབ་པའི་བརྩམས་ཆོས་ཀྱི་བསམ་བློས་འཁྲབ་ཡུལ་གྱི་ལྟ་མཁན་མང་པོར་སེམས་འགུལ་གྱི་མིག་ཆུ་རང་དབང་མེད་པར་ཤོར་ཏུ་བཅུག་པ་རེད།