༄༅།།ཁམས་ལི་ཐང་ཡུལ་གྱི་གཞས་མོ་འདེབས་ཚུལ།
སྐུ་རྒོད་བློ་བཟང་མཐུ་སྟོབས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 05-08
གཞས་མོ་ཞེས་པ་ནི་གཞས་བཏང་ནས་མོ་འདེབས་པའི་རྩེད་མོའི་རིག་གནས་ཁྱད་མཚར་ཞིག་ཡིན་ལ་བརྗོད་བྱ་གཙོ་བོ་ཕོ་མོའི་བརྩེ་དུངས་ཀྱི་སྐོར་ཡིན་ལ་དེ་མིན་གྱི་བརྗོད་དོན་གཞན་པ་ཡང་ཡོད།
གཞས་མོ་འདེབས་སྟངས་ནི། ལྷམ་སྒྲོག་བསྐུངས་ནས་མོ་འདེབས་པ་དང་མི་གཅིག་གིས་སེམས་ན་བསྐུངས་སྟེ་མོ་འདེབས་ཚུལ་དང་གཉིས་ཡོད། ལྷམ་སྒྲོག་སྐུང་བ་ནི་གཙོ་བོ་རྩེད་མོ་དེ་རྩེ་དུས་ཕོ་མོ་གཉིས་ཆ་འཛོམས་ན་ལྷག་ཏུ་མཚར་ཏེ། ལྷམ་སྒྲོག་སྐུང་མཁན་དེས་ལྷམ་སྒྲོག་ཚང་མ་མཉམ་གཅིག་ཏུ་བསྲེ་བའམ་ཡང་ན་ཕོ་མོ་གཉིས་ཀྱི་ལྷམ་སྒྲོག་སོ་སོར་བཀར་ཏེ་གཉིས་ཀའི་ཁྲོད་ནས་རེ་རེ་བདམས་ཟིན་པ་དང་གཅིག་གིས་གཞས་གཏོང་དགོས། ལྷམ་སྒྲོག་གང་གཉིས་མཉམ་དུ་གདམ་ཐོན་འབྱུང་མིན་ལ་གཞིགས་ནས་ཁོ་གཉིས་བར་ལ་ལས་ཀྱི་འབྲེལ་བ་སོགས་ཡོད་མེད་ནི་གཞས་ཚིག་གི་ནང་དོན་ལ་བརྟགས་ཏེ་བརྩེ་སེམས་དང་མཛའ་གཅུགས་ཀྱི་འབྲེལ་བ་དང་། ཕན་ཚུན་དགའ་དུངས་དང་སྔོན་མའི་ལས་བསྐོས་སོགས་ཡོད་མེད་དང་། ཡང་ན་བརྩེ་དུངས་ལ་བགེགས་བར་རམ་དཀའ་ཁག་གང་ཡོད་མེད་སོགས་བརྟག་ཆོག དེ་བས་མཚར་ཞིང་དགོད་བྲོ་བ་ནི་ཁ་ཐུར་འཐེན་རྒྱུ་དེ་ཡིན། གཅིག་གི་ཁ་རུ་ཐུར་མ་འདྲེན་པ་དང་གཅིག་ཤོས་དེས་ལག་པས་རེག་མི་ཆོག་པར་སོ་བཏབ་ནས་ཐུར་མ་ཆུང་ཞིང་ཐུང་བ་དེ་ཚུར་འཐེན་དགོས།
རྩེད་རོགས་ཚོས་རྐང་བཙུགས་ནས་ཐུར་མ་ཐུང་ངུར་བཅོས་པ་ན་ཁ་ཤ་གཉིས་ཐུག་ངེས་པ་དང་། ཁ་ཐུར་འཐེན་དུས་ཁོ་ཚོས་མགོ་རྒྱབ་ནས་འདེད་རྒྱག་བཏང་སྟེ་ཁ་བསྐྱལ་ཤོར་བའི་གནས་ཚུལ་ཡང་ཡོད། རྩེད་མཚར་ཁོ་ན་ཙམ་དུ་མ་ཡིན་པར་གཞས་མོ་ནི་ཧ་ཅང་ཐིག་པར་བརྩི་སྲོལ་ཡོད།
ཡང་ལྷམ་སྒྲོག་སྐུང་དུས་ཁ་ཐུར་འཐེན་རེས་མི་བྱེད་པར་ལྷམ་སྒྲོག་གཅིག་རེ་བདམས་པ་དང་གཞས་བཏང་ནས་མོ་འདེབས་སྲོལ་ཡང་ཡོད། ལྷམ་སྒྲོག་སྐུང་མཁན་དེས་ལྷམ་སྒྲོག་ཚང་མ་མཉམ་དུ་བསྲེས་ཏེ་རྒྱབ་ལག་བྱས་ནས་དེའི་ཁྲོད་ནས་གཅིག་རང་དགར་གདམ་དགོས་པ་ལས་མིག་གིས་བལྟས་ན་མི་ཆོག་པ་ཡིན། དེ་ཡང་ལྷམ་སྒྲོག་སྐུང་ནས་ཁ་ཐུར་འཐེན་རེས་བྱེད་པའི་རྩེད་མོ་ནི་གཙོ་བོ་ཕོ་གཞོན་མོ་གཞོན་མང་བོ་མཉམ་དུ་འཚོགས་ན་རྩེད་ངེས་ཡིན།
སེམས་ན་སྐུང་བའི་རྩེད་མོ་ནི་ཕོ་ཤ་སྟག་དང་ཡང་ན་མོ་རྐྱང་རྐྱང་འཛོམས་ན་བརྩེ་ངེས་ཡིན། གཞས་གཏོང་སྟངས་ལྷམ་སྒྲོག་སྐུང་བ་དང་འདྲ་ཞིང་། ཕོ་ཤ་སྟག་ཡིན་ན་རྩེད་ར་དེར་ཡོད་པའི་བུ་ཚོའི་ཁྲོད་ནས་བཀྲ་ཤིས་ལྟ་བུ་བསྐུངས་ན་རང་གི་གྲོང་བ་སོགས་ནས་བུ་མོ་ངོ་ཤེས་པ་སྒྲོལ་མ་གཉིས་དེ་སེམས་ན་བསྐུངས་ཚར་བ་ན་རྩེད་རོགས་ཚོས་གཞས་གཏང་དགོས། རང་དགར་གཏོང་བ་མ་གཏོགས་སྐུང་མཁན་གྱི་སེམས་ན་སུ་དང་གང་བསྐུངས་པ་སུས་ཀྱང་མི་ཤེས། གཞས་བཏང་ཚར་བ་དང་བུ་གང་དང་བུ་མོ་གང་བསྐུངས་པ་བཤད་ཆོག་ཅིང་། གཞས་ཚིག་གི་ནང་དོན་དང་ཁོ་གཉིས་ཀྱི་འབྲེལ་བ་ལ་གཞིགས་ནས་མོ་ཐིག་མིན་ཤན་འབྱེད་དགོས། མཚམས་རེར་ཧ་ཅང་ཐིག་པོ་བྱུང་ནས་ཧབ་ཆ་ཡིས་ས་འགས་ངེས་རེད། ཡང་སྐབས་རེར་སྐུང་མཁན་དེས་རྐང་བཙུགས་ནས་རྒན་མོ་ལོ་ན་བགྲེས་པོ་སོགས་བསྐུངས་པས་ངོ་ཚ་བ་དང་དགོད་བྲོ་བ་བཟོ་རེད། རྩེད་མཁན་བུ་མོ་ཁོ་ན་ཡིན་ན་གོང་ལྟར་དེར་ཡོད་པའི་བུ་མོ་གཅིག་དང་གཞན་ངོ་ཤེས་བུ་ཞིག་བསྐུངས་ནས་གཞས་མོ་གདབ་དགོས་ངེས་རེད། མདོར་ན་ཕོ་མོ་མཉམ་འཚོགས་ཀྱིས་གཞས་མོ་བཏབ་ནས་ཁ་ཐུར་འཐེན་པའམ་ལྷམ་སྒྲོག་བསྐུངས་ནས་སེམས་ན་སྐུང་བ་གང་ཡིན་ཡང་མཚམས་རེར་ཐིག་པོ་བྱུང་ནས་ངོ་ཚ་སྟེ་གདོང་པ་དམར་པོར་ཆགས་ཀྱི་ཡོད། ལྷམ་སྒྲོག་སྐུང་བ་དང་སེམས་ན་སྐུང་བ་གང་ཡིན་རུང་ཆེས་མཐའ་མཇུག་གི་གཉིས་དེ་སྐུང་མཁན་གྱིས་འདི་ཡིན་དེ་རེད་མི་ཟེར་བར་གསང་དགོས། དེ་མིན་སུ་ཡིན་ཧ་གོ་ན་གཞས་གཏོང་མཁན་གྱིས་དེར་དམིགས་ནས་གཞས་ཚིག་དེར་འཕྲོད་པོའམ་ཕོག་པ་ཞིག་གཏང་ངེས་པས།གཞས་བཏང་ཚར་བ་ན་དང་བོ་དེ་འདིའི་ཡིན་དང་གཉིས་པ་དེ་དེའི་ཡིན་ཟེར་ནས་གཞི་ནས་མངོན་གསལ་གྱིས་བཤད་ཀྱི་རེད། མོ་ཐིག་མིན་ནི་གཞས་ཚིག་གི་ནང་དོན་དང་གཞས་གཏོང་ཡུལ་གྱི་མི་དེའི་གནས་བབ་ལ་གཞིགས་ནས་བལྟ་དགོས།
གཞས་ཚིག་གིས་མཚོན་དོན་རྣམ་གསལ་གྱི་དཔེ་ཙམ་བཀོད་ན་འདི་ལྟར་ཏེ། རྟ་ཕོ་སིང་སིང་ཁྲོམ་ཁྲོམ། ། ཁང་ལྟག་ཁང་ཞབས་སླེབས་བྱུང་། ། མ་ལོ་ཁ་བཙན་ཆེ་བས། ། ཡར་ཤོག་ཟེར་ཐག་མ་ཆོད། ། གཞས་དེ་ནི་བུ་དོན་གྲུབ་ལྟ་བུ་བུ་མོ་མཚོ་མོར་དགའ་ནའང་ཕ་མ་དབང་བཙན་པས་དགའ་བའི་ཚུལ་སྟོན་པ་དང་ཡང་ན་འབྲེལ་འདྲིས་མངོན་གསལ་དོད་པོ་བྱེད་ཕོད་ཀྱི་མེད་པའི་དོན་ཡིན། དེ་བཞིན་དུ། ང་ལ་ཆུང་འདྲིས་གཅིག་ཡོད། ། མགར་བ་ལ་མོ་བརྒྱབ་སོང། ། སོག་རོང་གནམ་བཀྱག༼ ལྕགས༽ ཁྲ་མོས། ། དེ་ལ་ཁ་མགོན་མཛད་རོགས། ། ཡང་ན། ང་ལ་ཆུང་འདྲིས་གཅིག་ཡོད། ། ལ་དང་ལ་མོ་བརྒྱབ་སོང་། ། བྱ་ངན་ཁྭ་ཏ་གྲགས་དུས། ། བློ་སེམས་བདེ་བདེ་མ་བྱུང་། ། ཡང་ན། རྟ་ཕོ་ལ་ལ་འགྲོ་དུས། ། ཆུང་འདྲིས་འགྲོ་སྟངས་འདྲ་བྱུང་། ། ལ་དང་ལ་མོ་བརྒལ་དུས། ། ཁྲ་ཆུང་མཆི་མ་འབབ་བྱུང་། ། ལྟ་བུ་བབས་ན་མཛའ་བརྩེ་ཟབ་པའི་ཆུང་འདྲིས་དེ་ས་ཁ་ཐག་རིང་བོར་སོང་ཟིན་པས་དེར་སེམས་ཁུར་བྱེད་པ་མཚོན། རྒྱ་གར་ཨ་ཙ་ར་ལ། ། མོ་ཞིག་བཏབ་ས་སོང་གི། ། ཆུང་འདྲིས་ཌ་མ་རུ་མགོ་ལ། ། སྙིང་གཏམ་མ་བཤད་གསུང་གྲགས། ། ལྟ་བུ་བབས་ན་མཛའ་བོའམ་མཛའ་མོ་དེར་ཡིད་ཆེས་ཆ་འཇོག་དེ་ཙམ་བྱེད་རྒྱུ་མེད་པ་མཚོན། དེ་བཞིན་དུ་མཛའ་བརྩེའི་དུངས་པ་ཧ་ཅང་ཟབ་པ་མཚོན་པའི་གཞས་མོ་ནི། ཆུང་འདྲིས་ཁྱོད་ལ་ཅི་དགོས། ། འདི་དགོས་ང་ལ་གསུངས་དང་། ། ནམ་མཁའི་སྐར་མ་དགོས་ན། ། སྐས་འཇའ་བཙུགས་ནས་ལེན་འགྲོ། ། ཡང་ན། དང་བོ་ཁྱོད་དང་རང་གཉིས། ། གཅིག་ངོ་གཅིག་གིས་མི་ཤེས། ། ད་ནི་ཁྱོད་དང་རང་གཉིས། ། བྱ་མོ་གཅིག་གི་སྒོ་ང་། ། ཞེས་དང་། ཁོ་གཉིས་བརྩེ་དུངས་ཧ་ཅང་གསང་བ་ཡིན་པ་མཚོན་པའི་གཞས་མོ་ནི། མ་མཐུན་དང་བོ་མཐུན་ས། ། ཨོ་རོང་གཤིས་ཀྱི་ལ་ཁ། ། བྱ་དང་འཇོལ་མོ་མ་གཏོགས། ། སུ་དང་གང་གིས་མི་ཤེས། ། ཞེས་དང་། ང་རང་གཉིས་ཀྱི་བར་ལ་ཐོབ་དང་འབྱོར་བ། ཡང་ན་གཟུགས་ལང་ཚོ་སོགས་གང་ཅིའི་ཐད་ནས་ཧེ་བག་དེ་ཙམ་ཆེན་པོ་མེད་པས་མཛའ་གྲོགས་སྒྲིག་ན་ཨེ་ཆོག་ཟེར་བའི་བརྡ་ལ། ཁྱོད་ནི་སྟག་ལྤགས་མ་རེད། ། ང་ནི་གཟིག་ལྤགས་མ་རེད། ། རང་གཉིས་འོ་ཙེ༼ ཞི་ལ༽ པགས་པ། ། འཐེན་རེས་རྒྱོང་རེས་ཨེ་བཟོ། ། ཞེས་དང་། དགའ་རོགས་ཙམ་སྒྲིག་པར་གཏམ་མི་ཁས་སྡང་བའམ་མི་ཁས་བརྩེ་དུངས་ལ་གནོན་ཤུགས་སྟེར་གྱི་ཡོད་པ་མཚོན་པའི་གཞས་མོ་ནི། ། དུ་བ་ཚག་གང་འཐེན་སར། ། མི་ཁ་དེ་འདྲ་ཆེ་དུ། ། དུ་ཁུག་རླུང་ལ་བསྐྱོད་ན། ། རྒྱལ་ཁམས་ཆགས་ས་མ་རེད། ། ལྟ་བུ་དང་། ལས་ཅི་ལ་ཐུག་རུང་ཁོ་གཉིས་ཀྱི་བརྩེ་དུངས་འགྱུར་བ་མེད་པར་མཐར་བསྐྱལ་རྒྱུ་ཡིན་པ་མཚོན་པའི་གཞས་མོ་ནི། ཆུ་ཆེན་ཆེ་ན་ཆེ་ཆོག ། ཟམ་ཆུང་ཁུར་ན་ཁུར་ཆོག ། རྟ་ཕོ་རྐྱང་ཕྲུག་ངེད་གཉིས། ། ཆུ་མགོ་བསྐོར་ནས་སླེབ་ཡོང་། ། ལྟ་བུ་དང་། ཕོ་མོའི་བརྩེ་དུངས་དང་གྲོགས་པོའི་མཛའ་བརྩེ་གང་ཡིན་ཡང་ཕྱི་ཐག་ཐུང་མི་རུང་བ་སྐུལ་བར་མཚོན་པའི་གཞས་མོ་ནི། དཀར་ཡོལ་འབྲུག་རིས་ནང་ལ། ། མཉམ་ཟ་མཉམ་འཐུང་བྱས་ཡོད། ། འབྲུག་རིས་ལ་ལོ་བརྒྱབ་དུས། ། མ་བརྗེད་སེམས་ལ་བཞག་རོགས། ། ལྟ་བུ་དང་། ཕོ་མོའི་བརྩེ་དུངས་ཁོ་ན་ཙམ་དུ་མ་ཡིན་པར་བརྗོད་དོན་གཞན་པ་མཚོན་པའི་གཞས་མོ་ཡང་ཡོད་པ་དང་། སྤྱིར་གཞས་ཡིན་པ་འདྲ་ནའང་གཞས་དང་གཞས་མོ་གཉིས་ལ་ཁྱད་པར་ཡང་ཡོད་པ་ཡིན་ཏེ་གཞས་མོ་ནི་གཙོ་བོ་ཕོ་མོའི་བརྩེ་དུངས་ཀྱི་སྐོར་མང་བ་དང་། གཞས་ནི་བརྗོད་བྱ་དེ་བས་ཕུན་སུམ་ཚོགས་པ་དང་ཁྱབ་ཆེ་བ་ཡིན། གཞས་དང་གཞས་མོ་གཉིས་ལ་རྩོམ་ལུས་ཀྱི་ཐད་ནས་ཀྱང་ཁྱད་པར་ཡོད་དེ། དཔེར་ན། ཆུ་ཆེན་མར་འགྲོ་གཅིག་ལ། ། བྲིས་པའི་ཡིག་ཆུང་བསྐུར་ཡོད། ། ཉ་མོ་ཡར་འོང་གཅིག་ལ། ། ཡིག་ལན་མགྱོགས་པོར་བསྐུར་རོགས། ། ལྟ་བུ་གཞས་མོ་ལ་ཆ་གསུམ་ཅན་གྱི་ཚེག་ཁྱིམ་མམ་ཚེག་བར་དྲུག་ཡོད་པ་དང་། ཨ་སྒང་རི་ལ་རྟ་བརྒྱ་འཁོར། ། རྟ་བརྒྱ་འཚོ་བའི་རྫི་བོ་དེ། ། རྫི་རོགས་དགོས་ན་ང་ཡོང་དགོས། ། རྟ་བརྒྱ་ཇག་གིས་དེད་སོང་ན། ། སྟོང་སྡེ་བའི་མི་ཁ་ཁྱོད་ཁུར་དང་། ། རྐྱང་ཕྲུག་སྤྱང་གིས་ཟོས་སོང་ན། ། ཁྱིམ་བཟའ་ཚང་རྣ་སྡུག་ངས་ཉན་དགོས་ལྟ་བུ་གཞས་ཚན་པ་གཅིག་གི་ནང་དུ་ཡང་ཚེག་བར་རམ་ཚེག་ཁྱིམ་བདུན་མ་དང་བརྒྱད་མ་ཅན་གཉིས་ཆ་ཡོད་པ་དང་། རྒྱ་གཡུ་དྲུག་དཀར་འོ་མའི་མདོག ། རྡོ་གཡུ་ང་ལ་སེམས་རྟེན་བཞག ། རྡོ་གཡུ་སེམས་རྟེན་མི་འོང་དུ།། རྒྱ་གཡུ་ལོ་རེ་སྐོར་རེར་ཤོག ། བྱུ་རུ་དམར་བོ་རྒྱ་ཚོས་མདོག ། བྱུར་རྫུན་ང་ལ་སེམས་རྟེན་བཞག ། བྱུར་རྫུན་སེམས་རྟེན་མི་འོང་དུ། ། བྱུ་རུ་ལོ་རེར་སྐོར་རེ་ཤོག་ལྟ་བུ་ཚིག་རྐང་ཚང་མ་ཚེག་བར་བདུན་མ་ཅན་ཡིན་པ་སོགས་ཡོད། དེ་བས་ཚིག་གི་རིང་ཐུང་དོ་མི་མཉམ་པས་གཞས་དང་གཞས་མོ་གཉིས་ཀྱི་དབྱངས་རྟ་ཡང་མི་འདྲ།འོན་ཀྱང་གཞས་ཀྱིས་ཀྱང་གཞས་མོའི་ཚབ་བྱེད་ཆོག་པ་ཡིན་ནོ། །
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1