བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཁྲིམས་འགལ་ངང་བརྒྱུད་ནས་བསྐྱོད་མི་ཆོག་ཅེས་བསྒྲགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-10


        ཟླ་5ཚེས་6ཉིན། བོད་རང་སྐྱོང་ལྗོངས་ནགས་ལས་ཐིང་གིས་སྤྱི་བསྒྲགས་སྤེལ་ནས་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཁྲིམས་འགལ་ངང་བརྒྱུད་ནས་བསྐྱོད་མི་ཆོག་པ་སྟེ། བྱང་ཐང་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་ཁུལ་བརྒྱུད་ནས་ཤིན་ཅང་གི་ཨར་ཅིང་ཧྲན་རི་བོ་དང་མཚོ་སྔོན་གྱི་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཁྲིམས་འགལ་ངང་བསྐྱོད་པར་གཏན་འགོག་བྱ་རྒྱུ་ཡིན་ཞིང་། གལ་ཏེ་དེ་ལས་འགལ་ན་ཁྲིམས་ལྟར་རྩད་ཞིབ་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།
        བྱང་ཐང་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་ཁུལ་ནི་ནག་ཆུ་ས་ཁུལ་གྱི་མཚོ་གཉིས་རྫོང་དང་ཉི་མ་རྫོང་། མངའ་རིས་ས་ཁུལ་གྱི་སྒེར་རྩེ་རྫོང་དང་དགེ་རྒྱས་རྫོང་སོགས་རྫོང་དྲུག་གི་འགྲམ་ན་ཡོད་ལ། ད་ལྟ་ནི་ཀྲུང་གོའི་ས་བབ་ཆེས་མཐོ་བ་དང་རྒྱ་ཁྱོན་ཆེས་ཆེ་བའི་རང་བྱུང་སྲུང་སྐྱོང་ཁུལ་ཞིག་ཡིན། རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་29.8དང་ཆ་སྙོམས་ས་བབ་མཐོ་ཚད་ལ་སྨི་5000ཡན་ཡོད་ཅིང་། མཚེའུ་སྐར་ཚོགས་བཞིན་དུ་ཁྱབ་ཡོད་ལ། རྐྱང་དང་གཙོད། འབྲོང་སོགས་རི་སྐྱེས་སྲོག་ཆགས་རྩ་ཆེན་འཚོ་ཞིང་གནས་ཡོད་པས། "རི་སྐྱེས་སྲོག་ཆགས་ཀྱི་ཞིང་ཁམས"ཞེས་པའི་མཚན་ཐོགས་ཡོད་པ་རེད།
        སྤྱི་བསྒྲགས་སུ། རྒྱ་ཆེ་བའི་ཡུལ་སྐོར་བ་དང་རང་བྱུང་ཉམས་ཞིབ་མཁན་ཚོ། ཡུལ་སྐོར་ལས་དོན་ཁང་དང་ཡུལ་སྐོར་སྒྲིག་འཛུགས་པ་ཁག་གིས་རང་རྟོགས་ངང་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁྲིམས་ལུགས་ཁྲིམས་སྲོལ་ལ་བརྩི་སྲུང་བྱས་ཏེ་ཁྲིམས་འགལ་ངང་བརྒྱུད་ནས་བསྐྱོད་པར་མི་བྱེད་པར། འཛམ་གླིང་གི་མཐའ་མའི་དག་ཞིང་འདི་སྲུང་སྐྱོང་བྱ་དགོས་པའི་རེ་བ་ཡོད་ཞེས་བརྗོད་ཡོད་པ་རེད།
        ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཀྱིས་བྱང་ཐང་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་སྒྲིག་སྲོལ་དང་རྐྱེན་སྲོལ་བསྒྱུར་བཅོས་དང་འཐུས་ཚང་དུ་རྒྱུན་ཆད་མེད་པར་བཏང་ཡོད་ཅིང་། 2015ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཀྱིས་ཆེད་དུ་མ་དངུལ་སྒོར་དུང་ཕྱུར་3བཀོད་སྒྲིག་བྱས་ནས་དོ་དམ་ས་ཚིགས་73དང་དོ་དམ་སྲུང་སྐྱོང་རུ་ཁག་73སྒྲིག་འཛུགས་བྱས་ཏེ་ཆེད་ལས་དོ་དམ་སྲུང་སྐྱོང་གི་ཞིང་འབྲོག་མི་སྣ་780གདན་ཞུས་སྐུལ་སྤྱོད་བྱས་ནས་ཆེད་ལས་དོ་དམ་སྲུང་སྐྱོང་རུ་ཁག་ཅིག་བཙུགས་ནས་དུས་རྒྱུན་དུ་སྐོར་གཡེང་དང་། དོ་དམ་སྲུང་སྐྱོང་། ཞིབ་བཤེར་བཅས་བྱས་ནས་བྱང་ཐང་རྩྭ་ཐང་དུ"སྤོ་འགུལ་གྱི་སྲུང་ར"ཞིག་བསྐྲུན་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1